མང་གཙོ་ཚོགས་པར་གྲོས་ཚོགས་འོག་མའི་ནང་རྒྱལ་ཁ་ཐོབ་འདུག
ཨ་རིའི་བར་མའི་གྲོས་ཚོགས་འོས་བསྡུའི་ཁྲོད། མང་གཙོ་ཚོགས་པར་གྲོས་ཚོགས་འོག་མའི་ནང་རྐུབ་སྟེགས་མང་ཤོས་ཀྱི་ཚད་གཞི་ལོན་ནས་རྒྱལ་ཁ་ཐོབ་འདུག་ཀྱང་། གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པ་མུ་མཐུད་ནས་རྐུབ་སྟེགས་མང་ཤོས་ཀྱི་སྲིད་དོན་ཚོགས་པ་ཆགས་འདུག
ཟླ་༡༡ པའི་ཚེས་༦ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་རྐུབ་སྟེགས་༤༣༥ ཆ་ཚང་དང་གྲོས་ཚོགས་གོང་མའི་ནང་རྐུབ་སྟེགས་༡༠༠ ལས་༣༥ ལ་བར་མའི་འོས་བསྡུ་བྱས་ཡོད་པ་རེད། དེ་སྔོན་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུ་སྤྱི་མཐུན་ཚོགས་པར་རྐུབ་སྟེགས་མང་ཤོས་ཐོབ་ཡོད་པས། མང་གཙོ་ཚོགས་པ་དང་རང་དབང་ཅན་གྱི་གྲོས་ཚོགས་མི་སྣ་ཚོས་སྲིད་འཛིན་ཊོམ་གྱི་ཐག་གཅོད་མང་པོ་ཞིག་ལ་ཚད་འཛིན་བྱེད་པར་དཀའ་ངལ་འཕྲད་ཡོད་ཀྱང་། ཐེངས་འདིའི་བར་མའི་འོས་བསྡུའི་གྲུབ་དོན་དུ། ད་ལྟའི་ཆར་མང་གཙོ་ཚོགས་པར་གྲོས་ཚོགས་འོག་མའི་ནང་མང་མོས་ཐོབ་པར་དགོས་ངེས་ཀྱི་རྐུབ་སྟེགས་གྲངས་༢༡༨ ལས་མང་བ་ཐོབ་འདུག་པས། མ་འོངས་པར་སྲིད་འཛིན་ཊོམ་ལ་ཞིབ་འཇུག་ནན་པོ་བྱེད་པའི་དབང་ཚད་ཐོབ་ཡོད་འདུག འོན་ཀྱང་མང་གཙོ་ཚོགས་པའི་རྒྱབ་སྐྱོར་བ་མང་པོ་ཞིག་ལ་སྲིད་འཛིན་ཊོམ་གནས་དབྱུང་གཏོང་བའི་དགོས་འདུན་ཆེན་པོ་ཡོད་པ་དང་། གལ་ཏེ་མང་གཙོ་ཚོགས་པར་སྲིད་འཛིན་ཊོམ་ཐོག་གནས་དབྱུང་གཏོང་ངེས་པའི་ཞིབ་འཇུག་གནས་ཚུལ་ཐོབ་ཀྱང་། ཐེངས་འདིའི་འོས་བསྡུའི་གྲུབ་དོན་དུ་གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པར་རྐུབ་སྟེགས་༥༠ ལས་མང་བ་ཉར་ཐུབ་ནས་མང་མོས་ཆགས་ཡོད་པས། གནས་དབྱུང་གི་ལས་དོན་ལ་གྲུབ་འབྲས་ཐོན་རྒྱུ་ཁག་པོ་ཆགས་སྲིད་པ་རེད་འདུག
བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་གསར་པ་མང་པོ་ཞིག་ནི་བུད་མེད་དང་གྲངས་ཉུང་མི་རིགས་ཡིན་འདུག་པ་དང་། འོས་བསྡུར་མཉམ་ཞུགས་བྱེད་མཁན་གཞོན་སྐྱེས་ཤིན་ཏུ་མང་པོ་བྱུང་འདུག དེ་བཞིན་ལོ་ན་༢༩ ཡིན་པའི་མང་གཙོ་ཚོགས་པའི་འོས་མི་བུད་མེད་གཉིས་ལ་གྲོས་ཚོགས་འོག་མའི་འཐུས་མིར་འདེམས་ཐོན་བྱུང་འདུག་པས། ཁོང་གཉིས་ལོ་རྒྱུས་ནང་གྲོས་ཚོགས་ཁང་དེར་འདེམས་ཐོན་བྱུང་བའི་བུད་མེད་ལོ་ན་ཆུང་ཤོས་ཡིན་པ་དང་། གྲོས་ཚོགས་སུ་མང་གཙོ་ཚོགས་པའི་འོས་མི་ཁ་ཆེའི་བུད་མེད་གཉིས་དང་གདོད་མའི་མི་རིགས་ཀྱི་བུད་མེད་གཅིག་བཅས་ཐེངས་དང་པོར་འདེམས་ཐོན་བྱུང་འདུག
མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འགོ་ཁྲིད་ལྕམ་ནན་སི་པི་ལོ་སི་ནི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཆགས་རྒྱུ་ཡིན་འདུག་པ་དང་། ཁོང་གིས་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པར་མང་མོས་ཐོབ་པ་འདིས། རྒྱལ་ནང་གི་སྨན་བཅོས་ལྟ་སྐྱོང་དང་། སྨན་རིན་སོགས་ཀྱི་ཐོག་ལ་ལས་དོན་ཧུར་ཐག་སྒྲུབ་རྒྱུ་ཡིན་སྐོར་བརྗོད་འདུག
ཊོམ་གྱི་ཐག་གཅོད་མང་པོ་ཞིག་གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པས་བཀག་འགོག་བྱེད་ཐུབ་རྒྱུ་ཡིན་འདུག་ཀྱང་། ཊོམ་གྱིས་གཞུང་གི་མཐོ་རིམ་དཔོན་རིགས་བསྐོ་གཞག་དང་ཁྲིམས་དཔོན་བསྐོ་གཞག་སོགས་བཀག་འགོག་བྱེད་པར། གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པ་མང་མོས་ཡིན་པས། དེ་རིགས་ལ་བཀག་འགོག་བྱེད་ཐུབ་རྒྱུ་ཁག་པོ་ཆགས་འདུག
ཕྱི་ལོ་༢༠༡༦ ལོའི་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་དང་སྲིད་འཛིན་འོས་བསྡུའི་སྐབས་སུ། སྲིད་འཛིན་ཊོམ་ལ་རྒྱལ་ཁ་ཐོབ་པ་དང་བསྟུན། གྲོས་ཚོགས་གོང་འོག་གཉིས་ནང་སྤྱི་མཐུན་ཚོགས་པའི་འཐུས་མི་མང་མོས་ཆགས་ཡོད་པས། ཐེངས་འདིའི་བར་མའི་འོས་བསྡུར་གྲོས་ཚོགས་གོང་འོག་གཉིས་ཀྱི་དབང་ཚད་དེ་འགྱུར་བ་གཏོང་ཆེད་དུ། སྲིད་དོན་ཚོགས་པ་ཆེ་བ་གཉིས་གཙོས་སྐད་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་དང་གཞས་པ་མང་པོ་ཞིག་གིས། མི་མང་གི་འོས་བསྡུར་མཉམ་ཞུགས་བྱེད་པར་སྐུལ་མ་བྱས་ཡོད་ཁར། མང་པོ་ཞིག་གིས་སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་མེད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།