མང་གཙོའི་རྒྱལ་ཁབ་ཆེ་ཤོས་བཞིའི་སྐུ་ཚབ་ཉི་ཧོང་དུ་འཛོམས།
རྒྱ་ནག་ལ་ཇི་ལྟར་ཁ་གཏད་གཅོག་རྒྱུའི་གྲོས་མོལ་བྱེད་པའི་ཆེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་(Mike Pompeo) ཡིས་ཉི་ཧོང་གི་རྒྱལ་ས་ཋོའུ་ཁོའོ་(Tokyo) ནས་རྒྱ་གར་དང་། ཨོ་སི་ཁྲུ་ལི་ཡ། ཉི་ཧོང་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་དང་མཇལ་འཕྲད་གནང་འདུག
སྟོབས་ཆེན་རྒྱལ་ཁབ་བཞིའི་གྲོས་མོལ་ཚོགས་འདུ་འདི་ནི། དེང་སྐབས་རྒྱ་ནག་གི་བཙན་ཤེད་ཤུགས་ཆེ་རུ་འགྱུར་བཞིན་པ་དེར་མཉམ་འབྲེལ་དང་། ནུས་པ་མཉམ་སྤུང་ཐོག་ནས་ཇི་ལྟར་ཁ་གཏད་གཅོག་པ་དང་། གདོང་ལེན་བྱེད་དགོས་མིན་གྲོས་བསྡུར་ཐག་གཅོད་བྱེད་པའི་ཆེད་དུ་འཚོགས་པ་ཡིན་འདུག
ཉེ་བའི་ཟླ་ཤས་ནང་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དེ་ལོ་ངོ་བཅུ་ཕྲག་དུ་མའི་ནང་གི་ཆེས་སྡུག་ཤོས་སུ་གྱུར་ཡོད་པ་དང་། དེའི་དབང་གིས་ཨ་རིས་ཨེ་ཤི་ཡའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་དང་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་བྱེད་ཀྱི་ཡོད།
མང་གཙོའི་རྒྱལ་ཁབ་ཆེ་ཤོས་བཞིའི་སྐུ་ཚབ་རྣམས་ཀྱི་གྲོས་མོལ་ཚོགས་འདུ་གལ་ཆེན་དེའི་ཐོག ལྷོ་ཤར་ཨེ་ཤི་ཡའི་བདེ་འཇགས་དང་། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་སོགས་པའི་གནད་དོན་རྣམས་ཀྱི་སྐོར་ལ་གྲོས་མོལ་བྱས་ཡོད་འདུག
གྲོས་མོལ་ཚོགས་འདུའི་སྔོན་ལ། རྒྱ་ནག་གིས་“དམིགས་བསལ་རུ་ཚོགས་”བཙུགས་ནས་རྒྱལ་ཁབ་གཞན་ལ་ཁ་གཏད་བཅག་ན་མི་འགྲིག་པའི་ཉེན་བརྡ་བཏང་འདུག་སྟེ། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝན་ཝ་བྷིན་(Wang Wenbin) གྱིས་“ང་ཚོས་འབྲེལ་ཡོད་རྒྱལ་ཁབ་དག་གིས་[ཞི་བདེ་རྒྱ་མཚོའི་]ཁུལ་གྱི་རྒྱལ་ཁབ་རྣམས་ཀྱི་ཐུན་མོང་གི་ཁེ་ཕན་ལ་བསམས་ནས་ས་ཁུལ་དེའི་ཞི་བདེ་དང་། བརྟན་ལྷིང་། ཡར་རྒྱས་བཅས་ཀྱི་མཐུན་རྐྱེན་དུ་འགྱུར་བའི་ལས་དོན་མང་ཙམ་སྒྲུབ་པ་ལས། དེ་ལས་ལྡོག་པ་མི་སྒྲུབ་པའི་རེ་བ་བྱེད་ཀྱི་ཡོད་”ཅེས་སྨྲས་ཡོད་འདུག
མང་གཙོའི་རྒྱལ་ཁབ་བཞིའི་གྲོས་མོལ་ཚོགས་འདུ་འདི་(The Quadfrilateral Initiative) ཐོག་མར་ཕྱི་ལོ་༢༠༠༧ ལོར་ཧྥི་ལི་པེན་གྱི་རྒྱལ་ས་རུ་འཚོགས་པ་དང་། སྐབས་དེའི་ཉི་ཧོང་གི་སྲིད་བློན་ཤེན་ཛོ་ཨ་བྷེ་(Shinzo Abe) ཡིས་སྣེ་ཁྲིད་དེ་བཙུགས་པའི་མང་གཙོའི་རྒྱལ་ཁབ་བཞིའི་ཚོགས་པ་འདི། རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་པ་ཚོས་དབང་ཤུགས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱ་ནག་ལ་གདོང་ལེན་བྱེད་པའི་ཆེད་དུ་བཙུགས་པ་ཞིག་ཏུ་མཐོང་གི་ཡོད། ཡིན་ན་ཡང་། སྐབས་དེར་རྒྱ་ནག་གིས་རྒྱལ་ཁབ་བཞིའི་གྲོས་མོལ་ཚོགས་འདུ་ལ་གཞུང་འབྲེལ་གྱི་ངོ་རྒོལ་བྱས་པར་བརྟེན། འབྲེལ་ཡོད་རྒྱལ་ཁབ་ཚོས་རྒྱ་ནག་ལ་བསྟུན་ཐབས་ཀྱིས་ལོ་ཤས་སྔོན་དུ་མ་གཏོགས་ཚོགས་འདུ་དེའི་རྒྱུན་སྐྱོང་ཐུབ་མེད་པ་དང་། འདི་ལོའི་གྲོས་མོལ་ཚོགས་འདུ་དེ་ཨ་རི་དང། རྒྱ་གར། ཨོ་སི་ཁྲུ་ལི་བཅས་དང་རྒྱ་ནག་གི་འབྲེལ་བ་ཧ་ཅང་སྡུག་ཏུ་འགྱུར་བཞིན་པའི་སྐབས་སུ་འཚོགས་པ་ཡིན་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།