ང་ཚོ་ཡང་དག་པའི་མང་གཙོའི་ལམ་ལ་ཕྱིན་པ་རེད།

ཟླ་འདིའི་ཚེས་ ༡༣ ཉིན་གྱི་ཕྱེད་ཡོལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་གཙུག་ལག་སློབ་གཉེར་ཁང་གི་བྷེན་ཌར་ཨེ་རི་ན་ཞེས་པའི་ཚོགས་ཁང་ཆེན་མོའི་ནང་བོད་རིགས་རྣམས་ལ་བཀའ་སློབ་བསྩལ་ཡོད་པ་རེད།

31དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་འགོ་ཁྲིད་ལྕམ་སྐུ་ནེན་སི་པེ་ལོ་སི་དང་། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆ་ཌི་གྷེ་རི་རྣམ་གཉིས་ཀྱིས་༸གོངས་མཆོག་སྡིངས་ཆའི་སྟེང་གདན་ཞུ་གནང་བ་དང་ལྷན། ཨ་རིའི་རྒྱལ་ས་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་འཇིགས་མེད་ཀྱིས་ཕེབས་བསུའི་གསུང་བཤད་གནང་།

ལྕམ་ནེན་སི་པེ་ལོ་སི་དང་སྐུ་ཞབས་རི་ཆ་ཌི་གྷེ་རི་ལགས་རྣམ་གཉིས་ནས་ཀྱང་གསུང་བཤད་གནང་བ་དང། སྐབས་དེར་༸གོང་ས་མཆོག་གིས་བོད་རིགས་ཚོར་བཀའ་སློབ་བསྩལ་དོན། ཁྱེད་རང་ཚོ་མང་པོ་ཞིག་ཕྱོགས་གཅིག་ནས་ང་ཚོ་བཙན་བྱོལ་བ་ཆགས། གཉིས་ནས་བོད་དང་ས་ཐག་རིང་པོའི་ས་ཆར་སླེབས་ནས་དེང་དུས་ཀྱི་ཤེས་ཡོན་དང་དངོས་པོའི་མཐུན་རྐྱེན་ཡག་པོ་ཡོད་པའི་ལུང་པར་བསླེབས་ཡོད། ཁྱེད་རང་ཚོ་དུས་ཡུན་གང་ལ་གང་ཙམ་ཕྱིན་ཡོད་ཀྱང་། བོད་པ་ཡིན་བསམ་པའི་འདུ་ཤེས་མ་བརྗེད་པར་གནས་ཡོད། ཁྱེད་རང་ཚོ་ལོ་རྒན་པ་ཚོས་ལས་བསྡོམས་ནང་གསལ་བ་ལྟར། བོད་ཡིག་དང་བོད་སྐད་སློབ་སྦྱོང་སྤྲད་རྒྱུ་དཀའ་ངལ་འཛེམས་མེད་ཐོག་སེམས་ཁུར་བླངས་པ་དེར་རྗེས་སུ་ཡི་རང་ཡོད། ང་ཚོ་བཙན་བྱོལ་བ་ཉུང་ཤས་ཤིག་གིས་རང་མགོ་གང་ཐོན་བྱེད་རྒྱུ་ཞིག་ཆགས་མེད། བོད་མི་ས་ཡ་དྲུག་ཙམ་གྱི་མི་རིགས་ཀྱི་དཀའ་ངལ་འཕྲད་སྐབས། ང་ཚོ་རང་དབང་ལུང་པར་སླེབས་ནས་སོ་སོ་རང་དབང་གི་ཐོག་ནས་སོ་སོས་བྱེད་ཐུབ་ན་བྱེད་རྒྱུ་ཡོད་པའི་གནས་སྐབས་དེར་བོད་རྒྱ་ཆེའི་མི་མང་གི་ཚབ་བྱས་ཏེ་ཧུར་ཐག་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་”ཅེས་སངས་རྒྱས་ཆོས་ལུགས་ཀྱི་གལ་གནད་སྐོར་དང། སློབ་གཉེར་དགོས་སྐོར་གྱི་བཀའ་སློབ་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་ཁོང་སྐྱབས་བཅོལ་དུ་ཕེབས་སྐོར་དང་འབྲེལ་ནས་བཀའ་སློབ་གནང་དོན། “ངོས་ལ་ཆ་བཞག་ན་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་ནོར་བུ་གླིང་ག་ནས་བྲོས་ཡོང་བ་ཡིན། སྐབས་དེར་བསམ་བློའི་ནང་སང་ཉིན་ཉི་མ་འཆར་བ་མཐོང་རྒྱུ་ཡོང་ངམ་མི་ཡོང་ལྟ་བུའི་གནས་སྟངས་འོག་ནས་ཧ་ལམ་སོ་སོའི་སྲོག་མགོ་ཐོན་རྒྱུ་བྱས་ནས་ཡོང་བ་ཞིག་ཡིན། དེ་ནས་རྒྱ་གར་ལ་སླེབས་ནས་ལོ་ཁ་ཤས་ཤིག་གི་རིང་ང་ཚོ་བཙན་བྱོལ་ལ་ཡོད་པ་དེ་དག་གིས་རང་ཁ་རང་གསོ་ཐུབ་རྒྱུར་འབད་བརྩོན་བྱས་ནས་བསྡད་པ་ཡིན། དེ་ནས་རིམ་པས་སློབ་གྲྭ་འཛུགས་རྒྱུ་སོགས་བྱས་ནས་སོ་སོའི་སྐད་ཡིག་དང་རིག་གཞུང་བསླབ་རྒྱུ། དེ་བཞིན་རིས་སུ་མ་ཆད་པའི་ཆོས་སྒར་ཁག་ཚུགས་ཏེ་མུ་མཐུད་སློབ་སྦྱོང་བྱེད་རྒྱུ་ཡོད་པ་སོགས་བྱུང་ཡོད། ཧ་ལམ་ལོ་སྟོང་ཕྲག་རིང་ནས་ཡོད་པའི་ང་ཚོའི་གཅེས་ནོར་བདག་པོ་བརྒྱབ་ནས་བསྡད་པ་རེད། དེ་ནས་ཕྱི་ལོ་༡༩༧༣ ལོར་ཐོག་མར་ངོས་རང་ཡུ་རོབ་ལ་སླེབས་པ་རེད། ཕྱི་ལ་བལྟས་པ་ཡིན་ན་ཁྲ་ཁྲ་ཟིང་ཟིང་འདུག་ཀྱང་སེམས་སྐྱིད་པོ་ཡོད་མེད་ཐེ་ཚོམ་ལྟ་བུ་འདུག ཕྱི་ལོ་ ༡༩༧༩ ལོར་ཨ་རིར་སླེབས་པ་ནས་བཟུང་ངོས་ལ་ངོ་ཤེས་པ་མང་པོ་ཆགས་སྟབས། སེམས་ཁམས་རིག་པའི་གནས་ཚུལ་ཤེས་པའི་ཐོག་ནས་སེམས་དང་སེམས་བྱུང་གི་འགྲོ་སྟངས་ཡག་པོ་ཤེས་པའི་ཐོག་ནས་སེམས་དཀྲུག་མཁན་གྱི་རིགས་དེར་གཉེན་པོ་བསྟེན་སྟངས། སེམས་ལ་ཕན་ཐོགས་ཡོད་མཁན་རིགས་དེ་དག་འཆར་གཞི་ལྡན་པའི་ཐོག་ནས་ཡར་རྒྱས་གང་འདྲ་གཏོང་དགོས་ཡོད་མེད་མ་ཤེས་པའི་སྐྱོན་ཧ་ཅང་འདུག ད་ཆ་བོད་པས་ལོ་སྟོང་ཕྲག་རིང་ནས་ཉར་ཚགས་བྱས་ཏེ་བདག་པོ་བརྒྱབ་པ་དེའི་ནང་ནས་མིའི་སེམས་དང་སྤྱི་ཚོགས་དང་སྤྱིར་བཏང་གི་འབྲེལ་བ་ཡོད་པ་དེ་འཛམ་གླིང་འདིའི་སྒང་ཕར་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་དང་ཆ་རྐྱེན་ཞིག་ཡོད་པ་ལྟ་བུ་འདུག དེར་བརྟེན་ང་ཚོས་ད་བར་བདག་ཉར་བྱས་པ་དེ་ད་ཆ་འཛམ་གླིང་སྤྱི་ལ་ཞབས་འདེགས་སྒྲུབ་ཐུབ་རྒྱུའི་དུས་ཚོད་ལ་སླེབས་ཡོད་པ་ལྟ་བུ་མཐོང་གི་འདུག ཁྱེད་རང་ཚོ་བོད་རིགས་ཚོས་སེམས་ཤུགས་སྐྱེས་ནས་སོ་སོའི་མི་རིགས་ལ་སྤོབས་པ་བྱས་ནས་ཚང་མས་ཤུགས་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད་”ཅེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐོར་དང་འབྲེལ་ནས་གསུང་དོན། “ཆབ་སྲིད་ཀྱི་ཐོག་ནས་རྩིས་ན་ང་ཚོས་ཡང་དག་པའི་མང་གཙོའི་ལམ་ལ་ཕྱིན་པ་རེད། མདོར་ན་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ནས་བཟུང་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་རྒྱུའི་ལམ་ཞིག་ཡོད་པ་དེ་ཕྱི་ལོ་༢༠༡༡ ལོ་ནས་ངོས་ཀྱིས་ལུགས་སྲོལ་དེ་མཚམས་བཅད་པ་རེད། མ་འོངས་པར་ང་ཚོ་མང་གཙོ་རང་གི་སྟེང་འགྲོ་རྒྱུ་རེད་མ་གཏོགས། ༸རྒྱལ་དབང་གོང་མ་ཚོས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བ་རེད་ཅེས་བཤད་རྒྱུ་མེད་པ་ཞིག་ངོས་ཀྱིས་དུས་ཚོད་དེ་མཚམས་བཅད་པ་ཡིན། མཚམས་རེ་ངོས་ཀྱིས་བསྟན་བཤིག་རྩེད་དེ་༸གོང་ས་ལྔ་པ་ཆེན་པོས་སྲོལ་གཏོད་པ་དེ་སྐུ་ཕྲེང་བཅུ་བཞི་པའི་མིང་ཡོད་པ་འདིས་མཇུག་རྫོགས་པ་རེད། གལ་ཏེ་༸གོང་ས་ལྔ་པ་ཆེན་པོ་བསྐྱར་དུ་ཕེབས་ན་ག་རེ་གསུང་གྲབས་ཡོད་ན། འོན་ཀྱང་༸གོང་ས་ལྔ་པ་ཆེན་པོ་བསྐྱར་དུ་ཡོང་བའི་ཉེན་ཁ་མེད་སྟབས། ངོས་རང་གང་བྱེད་རེད་ཅེས་བརྗོད་ཀྱི་ཡོད། གང་ལྟར་ང་ཚོས་དུས་ཚོད་དང་རྗེས་ཟིན་པ་བྱས་ཏེ་འགྲོ་བཞིན་ཡོད། ང་ཚོར་ལེགས་ཆ་ཡོད་པ་དང་འཛམ་གླིང་འདིའི་སྒང་ཕན་ཐོགས་ཡོད་པ། ངོམས་སུ་ཆོག་པ་དེ་བདག་པོ་ཡག་པོ་བརྒྱབ་ནས་ཡར་རྒྱས་གཏོང་དགོས། དུས་ཚོད་ཡོལ་ཚར་བའི་ལམ་དང་ལུགས་སྲོལ་ཡོད་པ་དེ་དག་དུས་ཚོད་དང་མཐུན་པའི་ཐོག་ནས་རྗེས་ཟིན་ཐུབ་པ་དང་འགྱུར་བ་གཏང་ཐུབ་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག སྔར་ང་ཚོས་མ་བྱས་པ་དེང་སང་ཕན་ཐོགས་ཡོད་པ་དང་དགོས་མཁོ་ཡོད་པ་དེ་ཚོ་གྲས་ང་ཚོས་སྔར་ལམ་ཡིན་ཞེས་བཤད་རྒྱུ་མེད། དུས་ཚོད་ལིའུ་རྫོགས་ཟིན། སྔར་མ་བྱེད་པ་ཞིག་ཡིན་ནའང་སྔར་བྱེད་ཀྱི་མེད་ཅེས་མ་བྱས་ནས་སྡོད་རྒྱུ་མིན་པར་དགོས་མཁོ་འདུག་ན་ང་ཚོས་བསྒྲུབ་དགོས་”ཞེས་བཀའ་སློབ་བསྩལ་ཡོད་པ་རེད།

༧གོང་ས་མཆོག་མཇལ་ཁ་ཞུ་ཆེད་ཨ་རིའི་ཝ་ཤིན་ཊོན་དུ་གནས་སྡོད་བོད་མི་དང་། ཨ་རིའི་མངའ་སྡེ་གཞན་ནས་མི་ཧ་ཅང་མང་པོ་ཡོང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།