མང་གཙོའི་ཤེས་ཡོན་ཁྱབ་སྤེལ་བྱེད་གལ་ཆེ།
བཀའ་ཟུར་ཀིརྟི་རིན་པོ་ཆེས་བོད་མི་ཚོར་མང་གཙོའི་ཤེས་ཡོན་མེད་པའི་ཐོག་ནས་ལས་འགུལ་སྤེལ་སྟངས་ལ་ནོར་འཁྲུལ་བྱུང་ནས། ༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་བྱུང་བ་ཡིན་སྐོར་གསུངས་སོང་།
ཟླ་འདིའི་ཚེས་༢༤ ཉིན་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་འཚོགས་འགོ་བཙུགས་ཡོད་པ་དང། དེ་གར་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་དང། དམིགས་བསལ་སྐུ་མགྲོན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང། ཧི་མ་ལ་ཡའི་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་བློ་བཟང་ཕུན་ཚོགས། དེ་བཞིན་མང་གཙོ་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། ས་གནས་ཁག་ནས་སླེབས་པའི་ཚོགས་མི་བཅས་མཉམ་ཞུགས་བྱས་སོང།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ཀྱིས་ཚོགས་འདུའི་མཛད་སྒོ་དང་འབྲེལ་ནས་གསུང་བཤད་གནང་སྐབས། ཚོགས་པ་དེ་ཉིད་བཙན་བྱོལ་ནང་སྲིད་དོན་ཚོགས་པ་གཅིག་པུ་དེ་ཆགས་ཡོད་པ། ལོ་ངོ་༢༠ ལྷག་གི་རིང་མང་གཙོའི་གོ་རྟོགས་སྤེལ་བ་སོགས་ལས་འགུལ་མང་ཉུང་བ་ཞིག་སྤེལ་ཡོད་སྐོར། ལྷག་པར་ད་བར་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་སུ། འོས་མི་འདོན་རྒྱུ་དང་མང་ཚོགས་ནང་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཡོད་པ། དེ་བཞིན་བོད་ཀྱི་ཛ་དྲག་གནས་སྟངས་ལ་གཞིགས་ནས་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་སོགས་ངོ་སྤྲོད་གནང་སོང།
དམིགས་བསལ་སྐུ་མགྲོན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་གིས། ཚོགས་པ་དེ་ཉིད་ཀྱིས་ལོ་༢༠ ཡི་རིང་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་འཕེལ་རིམ་ལ་ལེགས་སྐྱེས་ཕུལ་ཐུབ་པ་བྱུང་བ། བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ནི་གྲོས་ཚོགས་ཀྱི་ལམ་ལུགས་ཡིན་པས། གྲོས་ཚོགས་ཀྱི་འཐུས་མི་ཚད་དང་ལྡན་པ་སླེབས་ཐུབ་རྒྱུ་གལ་ཆེན་ཡིན་པས། མང་གཙོ་ཚོགས་པ་ནས་ད་བར་བྱེད་བཞིན་པ་ལྟར། མུ་མཐུད་ནས་མང་ཚོགས་ནང་གོ་རྟོགས་སྤེལ་དགོས་ཁར། ལས་འགུལ་སྤེལ་ཕྱོགས་ལ་ཡར་རྒྱས་ཀྱི་རྣམ་པ་གསར་པ་དགོས་མིན་ཐོག་ལ་བགྲོ་གླེང་བྱེད་དགོས་པ་སོགས་ཀྱི་སྐོར་ལ་གཏམ་བཤད་བྱས་སོང།
དེའི་རྗེས་སུ་དམིགས་བསལ་སྐུ་མགྲོན་ཧི་མ་ལ་ཡའི་རིག་གཞུང་ལྟེ་གནས་ཁང་གི་འགན་འཛིན་བློ་བཟང་ཕུན་ཚོགས་ཀྱིས། མང་གཙོ་ཚོགས་པ་དང་འབྲེལ་བ་བྱུང་ཚུལ་དང། ༧རྒྱལ་བ་རིན་པོ་ཆེས་མང་གཙོ་གནང་བ་དེ་བདག་པོ་ཡག་པོ་རྒྱག་དགོས་པ། དེ་བཞིན་དེ་སྔ་ཁོང་གིས་༧རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་ཁ་གཏོང་མཁན་མང་དག་ཅིག་ལ་ཁ་གཏད་བཅགས་ནས། རྒྱ་གར་ནང་སྡོད་མི་ཆོག་པ་བཟོས་ཡོད་སྐོར་སོགས་གཏམ་བཤད་བྱས་སོང།
སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེས་གསུང་དོན། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་བོད་ཀྱི་ཆབ་སྲིད་ཚོགས་པ་དང་པོ་དེ་ཡིན་ཟེར་གྱི་ཡོད་པ་དང། ཚོགས་པ་དེ་བཙུགས་ནས་དུས་ཚོད་གང་ལ་གང་འཚམ་ཕྱིན་ཡོད་ཀྱང། ཡར་རྒྱས་དེ་ག་ཙམ་ཕྱིན་མེད་པས། ཡར་རྒྱས་འགྲོ་བར་ཚོགས་མི་ཤུགས་ཆེན་པོ་བསྡུ་སྐོང་དང་དཔལ་འབྱོར་བསྐྲུན་དགོས་པ་ལས། ལས་འགུལ་སྤེལ་བ་ཙམ་གྱིས་ནུས་པ་ཐོན་གྱི་མེད་པས། དེ་གཉིས་ཐོག་ལ་ཤུགས་རྒྱག་དགོས་སྐོར་གསུངས་སོང།
དེ་བཞིན་ཁོང་གིས་མང་ཚོགས་ལ་མང་གཙོའི་ཤེས་ཡོན་ཁྱབ་སྤེལ་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་འབྲེལ་ནས་“ད་ལྟའི་ཆར་སྐབས་འདིའི་འོས་བསྡུ་དང་འབྲེལ་ནས། ང་ཚོ་ཚང་མས་ཤེས་གསལ་ལ་༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་བྱུང་བའི་གནས་ཚུལ་བྱུང་བ་རེད། ཐུགས་ཕམ་གྱི་གནས་ཚུལ་བྱུང་བ་དེ། གཙོ་བོ་ང་ཚོ་ལ་མང་གཙོའི་ཤེས་ཡོན་མེད་པའི་ཐོག་ནས་ཏན་ཏན་ཡོང་བསྡད་ཀྱི་ཡོད་རེད་བསམ་གྱི་འདུག དེ་མ་གཏོགས་ཆེད་དུ་མངགས་ནས་༧རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་དཀྲུག་ཆེད་དུ་ལས་འགུལ་སྤེལ་བསྡད་མཁན། ཕལ་ཆེར་དཀོན་པོ་ཡིན་གྱི་རེད།”ཅེས་གསུངས་ནས། མང་གཙོའི་ཤེས་ཡོན་མེད་པའི་ཐོག་ནས། ལས་འགུལ་སྤེལ་སྟངས་ལ་ནོར་འཁྲུལ་ཤོར་གྱི་ཡོད་པ་སོགས་ཀྱི་སྐོར་དང། དེ་བཞིན་མང་གཙོ་ཁ་ལ་འཁྱེར་ནས་གང་བྱུང་འབྲི་མཁན་དང་ཤོད་མཁན་དེ་ཚོ་ལ་དོ་སྣང་སྤྲོད་དགོས་པ། ཚོགས་ཆེན་དེའི་ནང་འོས་བསྡུའི་སྐྱོན་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱེད་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་སྐོར་ལ་གསུངས་སོང།
མཛད་སྒོ་གྲོལ་རྗེས། མང་གཙོ་ཚོགས་པའི་དབུས་སྤྱི་ཆབ་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལ་བཅར་འདྲི་བྱས་པ་བརྒྱུད། ཁོང་གིས་ཉིན་གསུམ་གྱི་ཚོགས་ཆེན་དེར་ས་གནས་ཁག་༢༠ ནས་ཚོགས་མི་༤༠ སླེབས་ཡོད་པ། ཚོགས་ཆེན་དེར་གྲོས་གཞི་༧གོང་ས་མཆོག་གི་སྐུ་ཕྱྭ་དང། བོད་ནང་གི་གནས་སྟངས། རྒྱལ་ཡོངས་མང་གཙོ་ཚོགས་པའི་ལས་དོན་བྱེད་ཕྱོགས། དེ་བཞིན་ཚོགས་པའི་སྒྲིག་གཞི་བསྐྱར་བཅོས། རྒྱུན་ལས་གསར་འདེམས་སོགས་གྲོས་གཞི་༡༠ ཡི་ཐོག་ལ་བགྲོ་གླེང་བྱེད་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་སོང།།
གསར་འགོད་པ་སྐལ་བཟང་དོན་གྲུབ།