མངའ་རིས་དབུས་རྒྱུན་གྱིས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་རྒྱུ་མང་མོས་བྱུང་འདུག

སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་དང་། དབུས་གཙང་ཆོལ་ཁ་གཉིས་ནས་ཁོང་ལ་རྒྱབ་སྐྱོར་ཡོང་བའི་རེ་འདུན་ཡི་གེ་མངའ་རིས་སྤྱི་མཐུན་ཚོགས་པར་བཏང་འབྱོར་བྱུང་བས། མངའ་རིས་དབུས་རྒྱུན་རྣམས་གྲོས་བསྡུར་རིམ་པ་བྱས་ཏེ། འོས་མི་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་རྒྱུ་མང་མོས་ཐག་གཅོད་བྱས་པ་ཡིན་སྐོར་གསུངས་སོང་།

_MG_1372ཟླ་འདིའི་ཚེས་༢༨ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་། ཚོགས་པ་དེས་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་བཏོན་ཡོད་པའི་གསལ་འགོད་ལྷན་ཚོགས་ཤིག་བསྐོངས་པ་དང་། སྐབས་དེར་ཚོགས་གཙོ་སྨན་པ་ཐོག་མེད་ཀྱིས། སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་ཞུ་དགོས་པའི་སྐོར་གྱི་ཡི་གེ་ས་གནས་ཁག་ལ་བཏང་ཡོད་སྐོར་གསུང་སྐབས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཁོང་ལ་རྒྱབ་སྐྱོར་ཡོང་བའི་རེ་འདུན་ཡི་གེ་༢༠༡༦ ལོའི་ཟླ་༡ ཚེས་༤ འཁོད་པ་ཞིག་བཏང་འབྱོར་བྱུང་བ་དང་། དེ་བཞིན་དབུས་གཙང་ཆོལ་ཁས་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་ཡོང་བའི་རེ་འདུན་ཡི་གེ་ཟླ་༡ ཚེས་༡༩ ཉིན་འཁོད་པ་འབྱོར་རྗེས། མངའ་རིས་དབུས་རྒྱུན་རྣམས་གྲོས་བསྡུར་རིམ་པ་བྱས་ཏེ། འོས་མི་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་རྒྱུ་མང་མོས་ཐག་གཅོད་བྱས་པ་ཡིན་སྐོར་གསུངས་སོང་།

མངའ་རིས་སྤྱི་མཐུན་ཚོགས་པས་སྐབས་སྔོན་མ་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་བཏོན་ཡོད་པ་དང་། ད་ཐེངས་སྔོན་འགྲོའི་འོས་བསྡུའི་སྐབས་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་བཏོན་ཡོན་ནའང་། དངོས་གཞིའི་འོས་བསྡུའི་ནང་ཚུད་མེད་པ་རེད།

_MG_1368དེ་བཞིན་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལ། རྒྱབ་སྐྱོར་དགོས་པའི་རྒྱུ་མཚན་གཙོ་བོ་གསུམ་གསལ་བསྒྲགས་གནང་ཡོད་པ་དང་། དང་པོ། ༧གོང་ས་སྐྱབས་མགོན་ཆེན་པོའི་འཕྲལ་ཡུན་ལམ་སྟོན་ནི་བོད་མི་རིགས་ཀྱི་མདུན་ལམ་གསལ་བའི་སྒྲོན་མེ་གཅིག་པུ་དེ་ཡིན་རུང། ད་ཆ་༧གོང་ས་མཆོག་དགུང་ན་སྨིན་པ་མ་ཟད། བོད་མིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་སོགས་གང་ཐད་ནས་ལོ་ཤས་ནང་བོད་དོན་ཐག་གཅོད་ཅིག་མ་བྱུང་ཚེ། བོད་ཀྱི་བསྟན་སྲིད་མི་རིགས་རྩ་བརླག་ཏུ་འགྲོ་ཉེན་ལ་བརྟེན། ༧མགོན་པོ་གང་གི་རླབས་ཆེན་དགོངས་གཞི་རྣམས་ཚུལ་བཞིན་རྟོགས་ནས་ལག་བསྟར་ཐུབ་མཁན་དང། གཉན་འཕྲང་གི་དུས་ཚོད་ཇི་ཙམ་ཡིན་པ་ཤེས་མཁན་ནི་སྲིད་སྐྱོང་འོས་མིའི་ཁྲོད་ཁོང་ལས་ལྷག་མེད་པ།

གཉིས་པ། བོད་རྒྱའི་དཀའ་རྙོག་གང་མྱུར་བསལ་ཏེ་༧གོང་ས་མཆོག་རང་ཡུལ་གངས་ཅན་ལྗོངས་སུ་ཆིབས་བསྒྱུར་གནང་རྒྱུ་ནི་དབུ་མའི་ལམ་གྱི་འབྲེལ་མོལ་ལ་རག་ལུས་པས། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གནད་དོན་ཚང་ལ་མ་ནོར་བ་རྟོགས་མཁན་དང། དེ་ལག་བསྟར་གྱི་སྤོབས་པ་བཅས་སྲིད་སྐྱོང་འོས་མིའི་ཁྲོད་ཁོང་ལས་ལྷག་པ་མེད་པ།

གསུམ་པ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་ལས་དོན་བཅས་ལ་མཁྱེན་རྟོགས་དང་རྒྱུས་མངའ་ཚད་ལྡན་ཡོད་པ་མ་ཟད། ཆོལ་ཁ་དང་ཆོལ་ལུགས་ཀྱི་ཕྱོགས་ལྷུང་སྤངས་པའི་ཐོག་བཤད་ན་བཤད་ཕོད་པ་དང། བྱེད་ན་བྱེད་ཕོད་པའི་བློ་སྟོབས་མངའ་བ་བཅས་ལ་བརྟེན། འདི་ག་ཚོགས་པའི་ངོས་ནས་བོད་མི་རིགས་ཀྱི་མདུན་ལམ་ལ་ལྷག་བསམ་རྣམ་དག་གིས་འགན་འཁུར་བའི་ཐོག་ནས་རྒྱབ་སྐྱོར་གསལ་བསྒྲགས་འདི་སྤེལ་བ་ཡིན།

གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས། ཚོགས་པས་འོས་མི་འདོན་སྐབས་དབུས་རྒྱུན་ལས་ཙམ་མ་ཡིན་པར། ས་གནས་ཚང་མ་མཉམ་ཞུགས་དགོས་པ་དང་། སྲིད་སྐྱོང་སྔོན་འགྲོའི་འོས་བསྡུའི་སྐབས་མངའ་རིས་སྤྱི་མཐུན་ཚོགས་པས་འགན་འཛིན་ལྷན་ཚོགས་འཚོགས་ནས་ས་གནས་ཀྱི་སྐུ་ཚབ་ཡོད་པའི་ཐོག སྲིད་སྐྱོང་འོས་མི་མིང་འདོན་བྱས་པའི་ཐོ་གཞུང་དེ་རྩིས་མེད་བཏང་བ་རེད་དམ་ཅེས་དྲིས་པར།

ཚོགས་གཙོ་སྨན་པ་ཐོག་མེད་ཀྱིས། “ད་ཐེངས་དབུས་རྒྱུན་གྱིས་ཐག་གཅོད་བྱས་རྗེས། ས་གནས་ཚང་མར་འབྲེལ་བ་བྱས་ཡིན། སྐབས་དེར་ས་གནས་གཉིས་ཀྱིས་ད་ཐེངས་འོས་མི་མ་བཏོན་པར་བཞག་ན་ཡག་གི་རེད་བརྗོད་པ་ལས། སྐུ་ངོ་སྤེན་པ་ཚེ་རིང་ལ་འདོད་པ་མེད་ལབ་ཡོད་པ་མ་རེད། དེ་མིན་ས་གནས་ཚང་མས་དབུས་རྒྱུན་ལས་ཀྱིས་གནང་བ་དེར་རྒྱབ་སྐྱོར་ཡོད་ལབ་པ་རེད། དེ་སྔོན་འོས་མི་ཚང་མ་ས་གནས་ནས་འདོན་གྱི་ཡོད་པ་རེད། སྲིད་སྐྱོང་སྔོན་འགྲོའི་འོས་བསྡུའི་སྐབས། བཀྲ་ཤིས་དབང་འདུས་ཀྱིས་ཁོང་སྲིད་སྐྱོང་ལངས་རྒྱུར་རྒྱབ་སྐྱོར་བྱེད་རོགས་ཞེས་ཡིག་ཐོག་ནས་བཏང་བ་རེད། བློ་བཟང་སེང་གེ་ལས་ས་གནས་གཅིག་གིས་བཀྲ་ཤིས་དབང་འདུས་ལ་རྒྱབ་སྐྱོར་མང་བ་ཆགས་རེད། དེ་ནས་གཉིས་ཀ་འདོན་དགོས་རེད་ཟེར་མཁན་དང་། བཀྲ་ཤིས་དབང་འདུས་གཅིག་པུ་འདོན་དགོས་རེད་ཟེར་མཁན་གཉིས་ཀ་འགན་འཛིན་ལྷན་ཚོགས་ཐོག་བྱུང་ནས། འོས་བླུགས་ནས་བཀྲ་ཤིས་དབང་འདུས་གཅིག་པུ་འདོན་དགོས་ཟེར་མཁན་ས་གནས་༡༤ དང་། སྲིད་སྐྱོང་བློ་བཟང་སེང་གེ་དང་མཉམ་དུ་འདོན་དགོས་རེད་ཟེར་མཁན་ས་གནས་༩ བྱུང་བ་རེད། འགན་འཛིན་ལྷན་ཚོགས་ཐོག་བཀྲ་ཤིས་དབང་འདུས་གཅིག་པུ་འདོན་དགོས་པ་མང་མོས་བྱུང་བ་ལས། ཁོང་མ་ཐོབ་ན་གཉིས་པ་དེ་བློ་བཟང་སེང་གེ་ཡིན་ཟེར་བ་ཡོད་པ་མ་རེད། དེ་ནས་ནུས་མེད་ཆགས་པ་རེད། ད་ཐེངས་དངོས་གཞིའི་སྐབས་ཡི་གེ་མང་པོ་ཞིག་འབྱོར་བ་དང་། གྲོས་བསྡུར་མང་པོ་བྱས་ཏེ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་རྒྱུ་མང་མོས་ཐག་གཅོད་བྱུང་བ་རེད། གཞན་པ་ཡི་གེ་གཏོང་མཁན་ཡོད་ན་བསམ་པ་རེད་མོད། འབྱོར་མ་སོང་།”ཞེས་གསུངས་སོང་།

གསར་འགོད་པས། སྐབས་སྔོན་མ་མངའ་རིས་སྤྱི་མཐུན་ཚོགས་པས་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་བཏོན་པ་དང་། ཁོང་གིས་ལོ་བཞི་ལྷག་ལ་སྲིད་སྐྱོང་གནང་བཞིན་པ་རེད། ད་ཐེངས་བསྐྱར་དུ་ཁོང་འོས་མིར་འདོན་མ་ཐུབ་པའི་རྒྱུ་མཚན་དང་སྐྱོན་ཆ་ག་རེ་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དྲིས་པར།

སྨན་པ་ཐོག་མེད་ཀྱིས། “སྐྱོན་གང་ཡང་བཙུགས་མེད། སྐྱོན་འཛུགས་རྒྱུར་གསལ་པོ་དགོས་རེད། ཁོང་འདོན་མ་ཐུབ་པ་དེ་འགན་འཛིན་ལྷན་ཚོགས་ཐོག་བཀྲ་ཤིས་དབང་འདུས་གཅིག་པུ་འདོན་རྒྱུ་མང་མོས་ཐག་གཅོད་བྱུང་བ་རེད་མོད། ཁོང་ལ་འོས་མ་ཐོབ་པ་རེད། དེ་ནས་གཞན་པ་འབྲེལ་བ་བྱེད་མཁན་མེད་པས། བྱེད་རྒྱུ་མི་འདུག་”ཅེས་གསུངས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།