བོད་ཀྱི་དཔལ་ཡོན་དང་རྒྱལ་རབས་གཉིས་ཀ་འགོ་བཙུགས་ས་མངའ་རིས་རེད།

ཟླ་འདིའི་ཚེས་༢༩ ཉིན་གྱི་ཕྱི་དྲོ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ་གྱིས་རྩོམ་སྒྲིག་དང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་པར་སྐྲུན་བྱས་པའི་མངའ་རིས་ཀྱི་ལོ་རྒྱུས་དཔེ་དེབ་དབུ་འབྱེད་བྱས་ཡོད་པ་རེད།

ngari1<<སྟོད་མངའ་རིས་སྒར་ཁོངས་གཞུང་རྒྱུགས་རྙིང་ཁུངས་འབྲོག་སྡེ་གཞུང་པ་མ་མཚན་པའི་ཡུལ་ལུང་ཆགས་རབས་དང་འབྲེལ་མྱོང་ཐོས་ལོ་རྒྱུས་ད་ཕན་རི་ཁྲ་མཆོར་མོའི་སྲིད་པའི་གངས་རྒན་>>ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ཕེབས་ཡོད་པ་དང་། དེར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་གིས་དབུ་དེབ་དབུ་འབྱེད་མཛད་སྒོ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་བ་དང་། རྩོམ་སྒྲིག་པ་སྤྱི་ཟུར་ཁྱུང་ལྷོ་གྲགས་པ་རྣམ་རྒྱལ་གྱིས་དཔེ་དེབ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་སྐབས། ལོ་རྒྱུས་རྙིང་པ་ཉར་ཚགས་གལ་ཆེན་ཡིན་སྐོར་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐབས། མངའ་རིས་སུ་རྒྱ་དམག་འབྱོར་ནས་ཐོག་མར་བོད་མི་ཡར་རྒྱས་གཏོང་ཆེད་ཡོང་བ་ཡིན་པས། བོད་ཡར་རྒྱས་ཕྱིན་ཚར་དུས་ཁོང་ཚོ་མར་ལོག་རྒྱུ་ཡིན་སྐོར་བརྗོད་པ་དང་། རིམ་པས་མི་མང་ལ་བོད་ས་སྤྱི་མཚུངས་ལྟར་དཀའ་ངལ་སྤྲད་པའི་སྐོར་སོགས་གསུངས་སོང་།

ལོ་རྒྱུས་དེའི་ས་བཅད་དང་པོ། མངའ་རིས་སྐོར་གསུམ་སྤྱི་བཤད་དང་། ས་བཅད་གཉིས་པ། གཞུང་པ་མ་མཚན་པའི་ཆགས་རབས། ས་བཅད་གསུམ་པ། སྡེ་ཚོའི་སྐོར། ས་བཅད་བཞི་པ། ཆོས་ཕྱོགས་སྐོར། ས་བཅད་ལྔ་པ་རྒྱ་དམག་གིས་བོད་དུ་བཙན་འཛུལ་བྱས་པའི་སྐོར་བཅས་ས་བཅད་ཆེན་པོ་ལྔ་དང་། ཟུར་རྒྱན་ཡིག་ཆ་ཁག་ཅིག་འཁོད་པའི་ནང་སྔོན་མངའ་རིས་ས་གནས་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་ཤག་ལ་སྙན་ཞུ་ཕུལ་བའི་ཡིག་ཆ་ཁག་ཅིག་དང་། རྩོམ་སྒྲིག་པ་ཁོང་སྐྱབས་བཅོལ་དུ་ཕེབས་པའི་རྗེས་ཀྱི་གནས་ཚུལ་ཁག་ཅིག་འཁོད་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུང་བཤད་གནང་སྐབས། “བོད་ཀྱི་དཔལ་ཡོན་ཐོག་མ་འགོ་བཙུགས་ས་དང་། རྒྱལ་རབས་ལོ་རྒྱུས་གཉིས་ཀ་ཐོག་མ་མགོ་བཙུགས་ས་མངའ་རིས་ལ་ཁོངས་ཐུག་གི་ཡོད་པ་རེད། དེ་དེབ་མང་པོའི་ནང་ཐར་ཐོར་འཁོད་ཡོད་རྒྱུ་རེད་མོད། ད་ཐེངས་ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གིས་དེབ་དེ་བཏོན་ཡོང་སྐབས། མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་ཆ་ཚང་བ་སྙིང་བསྡུས་བྱས་ཏེ་གཟིགས་བདེ་པོ་ཆགས་ཡོད་ཀྱི་རེད། རྩོམ་སྒྲིག་པ་འཁྲུངས་སའི་སྐོར་དེའི་སྐབས་ཀྱི་གནས་སྟངས་ཞིབ་ཚགས་པོ་འཁོད་ཡོད་པ་རེད་”ཅེས་ལོ་རྒྱུས་ཡིག་ཆ་ཁག་གལ་ཆེན་ཡིན་སྐོར་གསུངས་སོང་།།

གསར་འགོད་པ་ཆོས་ཉིད་འོད་ཟེར།