ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་༡༩ པ་རྩིས་མེད།

སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་དབུས་འོས་བསྡུ་ལས་ཁང་གཉིས་ཁྲིམས་གཏུག་བྱས་པའི་ཁ་མཆུ་དེར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཐོག་ནས་ཚད་འཛིན་འཕེར་བ་ཞིག་མི་འདུག་པས། ཁ་མཆུ་ངོས་བཞེས་རྩིས་མེད་བཏང་བ་ཡིན་པའི་བཀའ་ཁྱབ་བཏང་འདུག

13249495_445453_nདེ་ཡང་ཟླ་༤ པའི་ཚེས་༢༦ ཉིན་ཁྲིམས་གཏུག་བྱེད་མཁན་ཞུ་སྦྱོར་བ་མི་མང་དང་བླངས་ལས་འགུལ་ཚོགས་པའམ་སྐད་འཕྲིན་ཚོགས་པ་ཞིག་གི་མི་མང་གི་སྐུ་ཚབ་བཀྲ་ཤིས་དབྱངས་འཛོམས་དང་། གྲྭ་དཀོན་མཆོག་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། བཙན་བྱོལ་བོད་མིའི་འོས་བསྡུ་དང་འབྲེལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གྱོད་གཞི་“འོས་བསྡུའི་སྒྲིག་གཞི་དང་འགལ་བའི་རྩོད་གླེང་” ཞེས་ཁྲིམས་གཏུག་བྱས་ཡོད་པ།  རྩོད་གཞི་གཙོ་བོ་སྲིད་སྐྱོང་འོས་མི་བློ་བཟང་སེང་གེའི་མིང་དྭང་བླངས་དཔྲ་ཁྲལ་ལག་དེབ་ཐོག་ཏུ་སློབ་བཟང་སངས་རྒྱས་འཁོད་ཡོད་པའི་རྐྱེན་གྱིས་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་དང་དབུས་འོས་བསྡུ་ལས་ཁང་ཁྲིམས་ཁང་དུ་བསྐྱལ་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

ཟླ་འདིའི་ཚེས་༡༧ ཉིན་ཁ་མཆུ་དེའི་རྩོད་ལེན་པའི་ངོ་ཚབ་པའམ་ཁྲིམས་རྩོད་པ་བོད་མིའི་ཁྲིམས་ལུགས་རིག་པའི་ཚོགས་པའི་ཁྲིམས་རྩོད་བློ་བཟང་གྲགས་པ་དང་།  རྣམ་རྒྱལ་ཚེ་སྐྱིད། ཀུན་བཟང་ཐུབ་བསྟན་བཅས་ཀྱིས་དྷ་སར་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། ཟླ་འདིའི་ཚེས་༡༦ ཉིན་ཆེས་མཐོའི་ཁྲིམས་ཞིབ་ལྷན་ཁང་གིས་ཁ་མཆུ་འདི་ངོས་བཞེས་རྩིས་མེད་བཏང་ཡོད་སྐོར་སྤེལ་སོང་།

ཆེས་མཐོའི་ཁྲིམས་ཞིབ་ལྷན་ཁང་གིས་ཟླ་འདིའི་ཚེས་༡༦ ཉིན་ཞུ་སྦྱོར་བ་ཐུན་མོང་ལ་བཏང་བའི་བཀའ་ཁྱབ་ནང་དུ། “འདི་ནས་༢༠༡༦།༥།༣ ཉིན་ཁྱེད་རང་གཉིས་ཀྱིས་༢༠༡༦།༤།༡༦ ཉིན་ཞུ་རྩ་དང་ཡིག་དངོས་ཐོ་གཞུང་ཕུལ་འབྱོར་དུ། དབུས་འོས་བསྡུ་ལས་ཁུང་དུ་ཕུལ་བའི་སྙན་ཞུ་༢༠༡༦།༣།༢༨ འཁོད་པའི་འདྲ་བཤུས་ཟུར་སྦྱར་དུ་ཡོད་ལུགས་བཀོད་འདུག་ཀྱང། དངོས་སུ་མི་འདུག་སྟབས། སྤྱི་ཁྱབ་ཁྲིམས་དྲུང་དང། འབྲེལ་ཡོད་ལས་བྱེད་གཞན་གཉིས་བཅས་ཀྱིས་ངག་ཐོག་ནས་སྔ་རྗེས་སུ་འདོན་འབུལ་དགོས་པའི་བརྡ་འདེད་རིམ་པར་སོང་ནས་ཀྱང་ད་བར་ཕུལ་མེད་པ་དེ་ཕྱི་ལོ་༢༠༡༦།༥།༧ ཕྱི་དྲོ་ཆུ་ཚོད་༥ གོང་ངེས་འབུལ་ཐོབ་པ་དགོས་རྒྱུ་ཞེས་བརྡ་ཐོ་སོང་ནའང། དུས་བཀག་ནང་ཚུན་ཡིག་ཆ་འདོན་འབུལ་བྱས་མི་འདུག་པས། ༢༠༡༦།༥།༡༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༥ གོང་གོང་གསལ་ཡིག་ཆ་འདོན་འབུལ་མ་བྱས་ན། ཁ་མཆུ་ངོས་བཞེས་རྩིས་མེད་གཏོང་དགོས་པ་ཆགས་རྒྱུའི་ཉེན་བརྡ་གཉིས་པ་སོང་བར། དེ་ནས་སླར་ཡང་༢༠༡༦།༥།༡༢ ཉིན་གྱོད་ཡའི་འཐུས་མི་ནད་མནར་གྱི་རྐྱེན་པས་དུས་འགྱངས་ཞུས་པའི་རྒྱུ་མཚན་ལ་དགོངས་བཞེས་ཀྱིས། ཕྱི་ལོ་༢༠༡༦།༥།༡༦ སྔ་དྲོ་ཆུ་ཚོད་༡༠ ནང་ཚུད་ཀ་ཀོར་མེད་པར་ངེས་འབུལ་དགོས་པའི་བརྡ་ཐོ་གསུམ་པ་བཏང་བའི་མཐར། ད་ནངས་ཆུ་ཚོད་༩།༥༠ ཐོག་མགོ་མཇུག་མི་ཚང་བ་དང། ལྟ་ཀློག་མི་ཐུབ་པའི་ཤོག་ངོས་གཉིས་ཅན་ཞིག་ཕུལ་འདུག་པ་དེ་ཁྲིམས་ཐོག་ནས་ཚད་འཛིན་འཕེར་བ་ཞིག་མིན་པས། སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་༣༧ ༼ཅ༽ གཞིར་བཟུང་ཁ་མཆུ་ངོས་བཞེས་རྩིས་མེད་བཏང་བ་ཡིན། ཁ་མཆུ་འདི་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་དོན་ཚན་༨༡ གཞིར་བཟུང་བསྐྱར་གཏུག་མི་ཆོག་པ་བཅས་ཀྱི་བཀའ་ཁྱབ་ཏུ།”བཅས་བཀོད་འདུག

རྩོད་ལེན་པའི་ངོ་ཚབ་པའམ་ཁྲིམས་རྩོད་པ་བློ་བཟང་གྲགས་པས་གསར་འགོད་པའི་དྲི་བར་ལན་འདེབས་བརྒྱུད། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེའི་བོདམིའི་དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་འགེངས་ཤོག་གཙོ་བོའི་ནང་བློ་བཟང་སེང་གེ་ཞེས་འཁོད་ཡོད་ཀྱང། དཔལ་འབྱོར་ལས་ཁུངས་ཀྱིས་དཔྱ་ཁྲལ་ལག་དེབ་བཟོས་སྐབས་སུ། མིང་ནོར་སློབ་བཟང་སངས་རྒྱས་ཞེས་བྲིས་ཡོད་པས། ད་ལྟའི་ཆར་བློ་བཟང་སེང་གེ་ཞེས་འགྱུར་བ་བཏང་ཡོད་འདུག དེ་བཞིན་ཞུ་གཏུག་པས་ཁ་མཆུ་འདི་ཁྲོད་རྩེད་ལོན་པ་ཚོར་ལུས་སེམས་ཀྱི་དཀའ་ངལ་སྤྲད་པ་མ་ཟད། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁོང་ཚོར་ཉེས་ཆད་གང་ཡང་བཏང་མེད་པར། བློ་ཕམ་ཡོད་སྐོར་འགྲེལ་བརྗོད་བྱས་སོང།

འདི་གའི་གསར་འགོད་པས། ཞུ་སྦྱོར་བ་བཀྲ་ཤིས་དབྱངས་འཛོམས་དང་། གྲྭ་དཀོན་མཆོག་གཉིས་ལ་ཁ་པར་བརྒྱུད་བཅར་འདྲི་དགོས་པའི་སྐད་ཆ་དྲིས་ཀྱང་། སྐབས་དེར་ཁ་པར་ཐེངས་མང་བཏང་རྗེས། ཚུར་ཁ་སླེབས་སྟེ། ད་ལྟ་ལས་ཀ་གཞན་ཞིག་ཡོད། རྗེས་སོར་ལྷོད་ལྷོད་ང་རང་ཚོས་ཅིག་བཤད་ཡོད་ཅེས་ཁ་པར་མཚམས་ནས་བཅར་འདྲི་བྱེད་རྒྱུའི་གོ་སྐབས་རག་མ་སོང་།

lo_2016_4_26བོད་ཀྱི་དུས་བབ་ཐོག་ཏུ་ “ཁ་མཆུ་འདིའི་མགོ་ནས་མཇུག་བར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངེད་གཉིས་ལ་མཐུན་འགྱུར་ཡག་པོ་གནང་མ་སོང་། དེ་ལ་བློ་ཕམ་ཞེ་དྲགས་ཡོད། ཁ་སང་བཀའ་ཁྱབ་དེ་འབྱོར་མ་ཐག་ངེད་གཉིས་ཁྲིམས་ཞིབ་ཁང་ལ་ཕྱིན་ཏེ་རྩོད་པ་བརྒྱབ་ཡིན། ཐག་གཅོད་དེ་ལ་མོས་མཐུན་རྩ་བ་ནས་མེད། བཀའ་ཁྱབ་དེའི་ནང་བསྐྱར་གཏུག་བྱེད་མི་ཆོག་ཅེས་བཀོད་འདུག་པ་དེ་ག་རེ་རེད། ངེད་གཉིས་ལ་གྱོད་དོན་གྱི་ཐོག་ནས་ནག་ཉེས་ནོར་འཁྲུལ་རིགས་གང་ཡིན་ཤོད་རྒྱུ་མེད་ཀྱང་། སྙན་ཞུ་འབྲི་སྟངས་ཙམ་གྱི་ཐོག་ནས་ཁ་མཆུ་རྩིས་མེད་གཏོང་བ་དང་། ད་དུང་བསྐྱར་དུ་ཞུ་གཏུག་བྱེད་མི་ཆོག་ལབ་ན་ག་རེ་རེད་ཅེས་དྲིས་དུས། རྒྱུ་མཚན་ཤོད་རྒྱུ་ཡོད་ན་བསྐྱར་དུ་ཞུ་གཏུག་བྱས་ན་འགྲིག་གི་རེད་ལབ་སོང་”ཞེས་ཁ་མཆུ་ཞུ་སྦྱོར་བ་གཉིས་ཀྱིས་འགྲེལ་བརྗོད་བྱས་ཡོད་སྐོར་འཁོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
གནས་ཚུལ་སྔོན་སོང་།