མཉམ་འབྲེལ་རྒྱལ་ཁབ་འཐོར་ཞིག་འགྲོ་སྲིད་སྐོར་བརྗོད་འདུག

ལས་ཁུར་འཁྱུར་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་ཀྱིས། མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་ལྔར་དབང་ཚད་ཆེ་དྲགས་ཡོད་པ་དང་། དབང་ཚད་དེ་ལ་བརྟེན་ནས་འཛམ་གླིང་ནང་གི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ཀྱི་མེད་པས། མ་འོངས་པར་མཉམ་འབྲེལ་རྒྱལ་ཁབ་དེ་འཐོར་ཞིག་འགྲོ་ཉེན་གྱི་སེམས་འཚབ་ཡོད་སྐོར་བརྗོད་འདུག

ཟླ་༨ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ།  འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཁག་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་སྲིད་གཞུང་རྣམས་ལ་ཐད་ཀར་སྐྱོན་བརྗོད་བྱེད་ཐུབ་མཁན། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་ཛེཌ་རཡེ་ཨལ་ཧུ་སེན་( Zeid Ra’ad al-Hussein) གྱིས་ཕྱི་ལོ་༢༠༡༧ ལོའི་ཟླ་༡༢ པའི་ནང་ཕྱི་ལོ་༢༠༡༨ ལོའི་ཟླ་༨ པའི་ཟླ་མཇུག་ཏུ། ཁོང་གི་སྐབས་དང་པོའི་ལས་ཡུན་རྫོགས་ཀྱི་ཡོད་པས། དེ་དུས་དགོངས་པ་ཞུ་རྒྱུ་ཡིན་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་གནོན་ཤུགས་འོག་ལས་དོན་ལྷག་བསམ་རྣམ་དག་བྱེད་མི་ཐུབ་པ་ཆགས་སྲིད་པའི་སེམས་འཚབ་ཡོད་སྐོར་བརྗོད་ཡོད་པ་རེད། ཉེ་ཆར་ཁོང་གིས་གསར་འགོད་པ་ཚོར་མཉམ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་ཨ་རི་དང་ཨུ་རུ་སུ། རྒྱ་ནག ཧྥ་རན་སི། དབྱིན་ཡུལ་བཅས་ལ་དབང་ཚད་ཆེ་དྲགས་ཀྱི་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེ་གང་འདྲ་ཞིག་ལའང་ཚོགས་མི་ལྔ་པོ་དེ་ལས། གཅིག་གི་དགག་བྱ་བྱས་ཚེ་ལས་དོན་འགག་འགྲོ་ཡི་ཡོད་པས། གལ་ཏེ་འགྲོ་ལུགས་དེ་འགྱུར་བ་མ་བཏང་ཚེ། མཉམ་འབྲེལ་རྒྱལ་ཁབ་དེ་འཐོར་ཞིག་འགྲོ་བའི་ཉེན་ཆ་ཆེན་པོ་ཡོད་སྐོར་བརྗོད་འདུག

མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མི་རྒྱལ་ཁབ་མང་པོ་ཞིག་གིས། བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་རྒྱལ་ཁབ་ལྔ་ལ་ཡོད་པའི་དབང་ཚད་དེ་བེད་སྤྱོད་ལོག་པ་གཏོང་གི་ཡོད་པའི་སྐྱོན་བརྗོད་མང་པོ་བྱེད་མྱོང་བ་དང་། དབང་ཚད་དེ་ལ་བརྟེན་ནས། གཏན་འཇགས་ཚོགས་མི་ཚོས་རང་དང་རང་གི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་ཁེ་ཕན་སྒྲུབ་པའི་གནད་དོན་མང་པོ་བྱུང་ཡོད་ལ། མང་པོ་ཞིག་གིས་སི་རི་ཡའི་གནད་དོན་དེ་ཡང་གཏན་འཇགས་ལྷན་ཚོགས་ནང་མོས་མཐུན་མ་བྱུང་ནས་གནས་སྟངས་ཚབས་ཆེ་རུ་སོང་བའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

ལས་ཁུར་འཁྱུར་ལ་ཉེ་བའི་འགྲོ་བའི་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་ཁོང་གིས། ད་ལྟའི་ཆར་རྒྱལ་ཁབ་མང་པོ་ཞིག་གིས་འཛམ་གླིང་དམག་ཆེན་གཉིས་པ་ནས་ཐོབ་པའི་བསླབ་བྱ་རྣམས་དྲན་པ་བརྗེད་བཞིན་པའི་ཚོར་བ་ཡོད་པ་དང་། དེ་ལ་བརྟེན་ནས་མ་འོངས་པར་དམག་ཆེན་གཉིས་པ་འདྲ་བོ་བསྐྱར་དུ་མི་ཡོང་ཆེད་བཙུགས་པའི་ཚོགས་པ་དེ་ལ་བརྩི་འཇོག་བྱེད་ཀྱི་མེད་པ་དང་། སྒེར་གྱི་ལས་དོན་སྒྲུབ་ཡུལ་བྱེད་ཀྱི་ཡོད་པ། དེ་བཞིན་མི་རབས་གཅིག་གཉིས་ཀྱི་དོ་ཁུར་མེད་པའི་སྲིད་དོན་པ་ཚོས་རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་གཏོར་བཤིག་གཏོང་ཐུབ་སྲིད་པ་དང་། ཨ་རི་ལ་ཡང་དེ་ལྟར་འབྱུང་སྲིད་སྐོར་བརྗོད་འདུག

ཁོང་གི་ལས་ཡུན་རྗེས་སུ་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་ཀྱི་ལས་གནས་ལ་ཆི་ལིའི་སྲིད་འཛིན་ཟུར་པ་མཱེ་ཤེལ་བྷ་ཆེ་ལིཌ་སླེབས་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།