མཉམ་འབྲེལ་རྒྱལ་ཁབ་ལ་“བོད་རང་བཙན་”ཁྱབ་བསྒྲགས་དགོས་པའི་སྐད་འབོད་བྱས་འདུག
བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་མི་ཚོ་གཅིག་གིས་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལས་ཁུངས་ཨ་མའི་མདུན་དུ་“མཉམ་འབྲེལ་རྒྱལ་ཁབ་ཀྱིས་པེ་ཅིང་གི་སྟངས་འཛིན་དོར་ནས། བོད་རང་བཙན་ཁྱབ་བསྒྲགས་བྱེད་དགོས་”པའི་སྐད་འབོད་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
ཕྱི་ཟླ་༧ ཚེས་༧ ཉིན་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བོད་མི་ཚོ་གཅིག་གིས་བོད་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་དང་། འབོད་ཚིག་བཀོད་པའི་འཕྲེད་དར་ཁྱེར་ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཆགས་པའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལས་ཁུངས་ཨ་མའི་མདུན་དུ་“བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་དམར་བོད་ནས་མར་རྒྱུགས་ཤིག བོད་ནམ་ཡང་རྒྱ་ནག་གི་ཆ་ཤས་མ་ཡིན། རྒྱ་ནག་དམར་ཤོག་ཚོགས་པ་རྩ་མེད་གྱུར་ཅིག་”ཅེས་སྐད་འབོད་དང་ངོ་རྒོལ་བྱས་འདུག
ངོ་རྒོལ་བ་ཚོས་ཁྱེར་བའི་འཕྲེད་དར་ཆེན་པོ་གཉིས་ཀྱི་ངོས་སུ་“མཉམ་འབྲེལ་རྒྱལ་ཁབ་ཀྱིས་པེ་ཅིང་གི་སྟངས་འཛིན་དོར་ནས། བོད་རང་བཙན་ཁྱབ་བསྒྲགས་བྱེད་དགོས་”དང་། “བོད་དུ་དམར་གསོད་མཚམས་འཇོག་བྱེད་དགོས་”ཞེས་པའི་འབོད་ཚིག་བཀོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཁབ་དང་། འཛམ་གླིང་གི་འགོ་ཁྲིད་ཚོ་གཉིད་ལས་སད་དགོས་པ་དང་། རྒྱ་ནག་གི་ཐོན་རྫས་བཀག་སྡོམ་བྱེད་དགོས་པ། “ཏོག་དབྱིབས་ནད་ཡམས་ནི་རྒྱ་ནག་གི་ཐོན་རྫས་”ཡིན་ཞེས་པ་སོགས་ཀྱི་སྐད་འབོད་བརྒྱབས་འདུག
དེ་བཞིན་ངོ་རྒོལ་བ་ཚོས་རྒྱ་ནག་གིས་བོད་ལ་དྲག་པོའི་བཙན་འཛུལ་གྱིས་མི་རིགས་རྩ་མེད་ཀྱི་དབང་སྒྱུར་བྱེད་བཞིན་པ་དང་། ཧོང་ཀོང་གི་མང་གཙོ་རྡོག་རོལ་བཏང་ནས་རང་བཙན་ལྡན་པའི་ཐའེ་ཝན་གྱི་བདེ་འཇགས་ལ་འཇིགས་སྣང་སྐུལ་བ། ཤར་ཏུར་ཁི་སི་ཐན་གྱི་ཡུ་གུར་བ་རྣམས་ལ་མི་རིགས་རྩ་མེད་བཟོ་བ། ཉི་ཧོང་དང་། ཧྥི་ལི་པེན། མཱ་ལ་ཤི་ཡ། ཝེ་ཏི་ནམ་སོགས་ལ་འཇིགས་སྐུལ་གྱིས་ལྷོ་རྒྱ་ནག་རྒྱ་མཚོ་ཧམ་འཛིན། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱིས་འཛམ་གླིང་མི་མང་གི་འཕྲོད་བསྟེན་བདེ་ཐང་ལ་གནོད་འཚེ་བསྐྱལ་ནས་སྐྱེ་བོ་འབུམ་༥ ལྷག་གི་ཚེ་སྲོག་ཕྲོག་པ། རྒྱ་གར་གྱི་དམག་མི་བསད་དེ་ཁྲིམས་འགལ་ཐོག་ནས་ནང་འཛུལ། དེ་བཞིན་བལ་ཡུལ་དང་འབྲུག་གི་ས་ཁོངས་ཀྱང་བཙན་གྱིས་བཟུང་བ་སོགས་བྱས་དང་བྱེད་ཀྱིན་ཡོད་སྟབས། མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཅིས་ཀྱང་རྒྱ་ནག་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་པའི་དགོས་འདུན་བཏོན་འདུག ། བརྙན་གྱི་དྲ་ཐག
གསར་འགོད་པ་དཀོན་མཆོག་རབ་བརྟན།