མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱབ་ཁབ་ཚོས་རྒྱ་གཞུང་ལ་བོད་དོན་འབྲེལ་བའི་ལམ་སྟོན་གནང་བ་དེ་རྒྱ་གཞུང་གིས་སྣང་མེད་བཏང་འདུག 

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་པར།

ཟླ་འདིའི་ཚེས་༤ ་ཉིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་དྲྭ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ཚོས་བོད་ནང་དྲང་བདེན་དང་འགན་འཁྲི་དགོས་པའི་སྐོར་གྱི་ལམ་སྟོན་བརྒྱ་ཆ་བདུན་ཅུ་ཙམ་ལ་ངོས་ལེན་བྱས་མེད་པ་རེད་འདུག

ན་ནིང་ཕྱི་ཟླ་༡ པོའི་ཚེས་༢༣ ཉིན་སུད་སིའི་གྲོང་ཁྱེར་ཇི་ནེ་ཝ་ལ་རྒྱལ་ཁབ་༡༦༡ ་གི་སྐུ་ཚབ་མཉམ་ཞུགས་ཐོག རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་ཐེངས་བཞི་པ་དེ་གནང་ཡོད་པ་དང་། སྐབས་དེར་ཚོགས་ཁོངས་རྒྱལ་ཁབ་ཁག་ཅིག་གིས་རྒྱ་གཞུང་གིས་བོད་ནང་གཏན་འཇགས་སློབ་གྲྭའི་ལམ་ལུགས་མཇུག་བསྒྲིལ་དགོས་པ། བོད་དུ་བཙན་ཤེད་ཀྱིས་ངལ་རྩོལ་ལས་མི་སྤོ་མཚམས་འཇོག་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་ལ་བཀག་འགོག་དང་ཚོད་འཛིན་མེད་པའི་ཐོག་བོད་དུ་འགྲོ་བསྐྱོད་ཆོག་པ་བཟོ་དགོས་པ། དེ་བཞིན་བོད་ཀྱི་སྐད་ཡིག་དང་སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་དང་ཆོས་དད་རང་དབང་སོགས་ལ་གུས་བཀུར་དགོས་པའི་ལམ་སྟོན་བྱས་ཡོད་འདུག 

ཉེར་ཆར་རྒྱ་གཞུང་གིས་ལམ་སྟོན་༢༩༠ ངོས་ལེན་བྱས་ཡོད་ཅེས་བརྗོད་ཡོད་ཀྱང་། ཞིབ་ཏུ་བལྟས་ན། རྒྱ་གཞུང་གིས་བོད་ནང་གཏན་འཇགས་སློབ་གྲྭའི་ལམ་ལུགས་མཇུག་སྒྲིལ་དགོས་པ་དང་བོད་དུ་བཙན་ཤེད་ཀྱིས་ངལ་རྩོལ་ལས་མི་སྤོ་མཚམས་འཇོག་དགོས་པ་སོགས་བོད་དང་འབྲེལ་བའི་ལམ་སྟོན་བརྒྱ་ཆ་༧༠ ཙམ་ལ་ངོས་ལེན་མ་བྱས་པར་སྣང་མེད་དུ་བཞག་ཡོད་འདུག 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདས་པའི་ལོ་མང་རིང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཡིན་པ་ཡིག་ཐོག་ལ་ཞིབ་ཕྲ་བཀོད་ཡོད་ཀྱང་། རྒྱ་གཞུང་གིས་བོད་དང་འབྲེལ་བའི་ལམ་སྟོན་མང་ཆེ་བ་གནས་ཚུལ་རྫུན་མ་ལ་གཞི་བཅོལ་འདུག་ཅེས་བརྗོད་འདུག

འདས་པའི་ལོ་ངོ་གཉིས་ཀྱི་རིང་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་མང་པོས་རྒྱ་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ཙམ་ཁྱིམ་ཚང་དང་ཁ་བྲལ་དུ་བཅུག་ནས་གཏན་འཇགས་སློབ་གྲྭའི་ནང་བཏང་ཡོད་པ། གྲོང་གསེབ་གནས་སྤོའི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ། བོད་མི་ཚོ་རྒྱ་གཞུང་གི་མནར་གཅོད་འོག་འཆི་བཞིན་པ་དང་གར་སོང་ཆ་མེད་དུ་འགྱུར་བཞིན་པ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བ་བཙོན་འཇུག་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་བཀོད་ཡོད་ཀྱང་། རྒྱ་གཞུང་གིས་ད་ཐེངས་གནས་ཚུལ་དེ་ཚོ་ཚང་མ་སྣང་མེད་དུ་བཏང་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།