མཉམ་འབྲེལ་རྒྱལ་ཚོགས་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་གི་གནས་སྟངས་ལ་སེམས་འཚབ་ཡོད་པ་གསལ་སྟོན་གནང་།

རྒྱལ་ཚོགས་ཀྱི་རྒྱུན་གནས་ཅན་གྱི་ཁོར་ཡུག་དང་སྨྲ་བརྗོད་རང་དབང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་དམིགས་བསལ་སྙན་སྒྲོན་པ་གསུམ་གྱིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་གནས་སྟངས་ཐད་ཛ་དྲག་གིས་སེམས་འཚབ་ཡོད་པ་གསལ་སྟོན་བྱས་ཡོད་འདུག

པར། བརྒྱུད་ལམ་ཁག

ཕྱི་ཟླ་༣ ཚེས་༢༩ ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་གནས་སྟངས་ཐོག་དམིགས་བསལ་སྙན་སྒྲོན་པ་མེ་རི་ལོ་ལོར་(Mary Lawlor) དང་། གཙང་མ་དང་བདེ་ཐང་། རྒྱུན་གནས་ཅན་གྱི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་ཐད་དམིགས་བསལ་སྙན་སྒྲོན་པ་ཨེས་ཊི་རིཌ་པུ་ཨེན་ཊེས་རི་ཨ་ནོ་(Astrid Puentes Rian) ། དེ་བཞིན་བསམ་ཚུལ་དང་སྨྲ་བརྗོད་རང་དབང་གོང་མཐོར་གཏོང་བ་དང་སྲུང་སྐྱོབ་ཐད་དམིགས་བསལ་སྙན་སྒྲོན་པ་ཨི་རེན་ཁན་(Irene Khan) བཅས་ཀྱིས་མཚན་རྟགས་བཀོད་པའི་ཡི་གེའི་ནང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་མཚོ་སྔོན་ཚེ་རིང་འཛིན་བཟུང་གིས་བཙོན་འཇུག་བྱས་པའི་གནས་སྟངས་ཐད་ཛ་དྲག་གིས་སེམས་འཚབ་ཡོད་པ་གསལ་སྟོན་གནང་ཡོད་འདུག

གནས་ཚུལ་དེ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ། “མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཁས་དབང་ཚོས་བརྗོད་པ་ལྟར་ན། མཚོ་སྔོན་ཚེ་རིང་ལགས་ནི་ལོ་༢༩ ཡིན་པ་དང་མདོ་སྨད་རྔ་པ་ཁྱུང་མཆུ་རྫོང་ཚ་རུ་མ་སྡེ་པ་ནས་ཡིན་ཞིང༌། ཨན་ཧུའེ་ཞན་ཧེ་འཛུགས་སྐྲུན་བཟོ་སྐྲུན་ཚོགས་པས་༼འཛུགས་སྐྲུན་ལས་གྲྭའི་ཚོང་གཉེར་ཁང་༽ (Anhui Xianhe Construction Engineering Company Ltd) བྱེ་མ་སྔོག་འདོན་བྱས་པར་མང་ཚོགས་ཀྱིས་ངོ་རྒོལ་བྱས་རྗེས་འཛིན་བཟུང་བྱས་ཡོད། འཛུགས་སྐྲུན་ཚོགས་པའི་བྱ་སྤྱོད་དེ་དག་ནི་ལམ་བཟོ་དང་ཐད་ཀར་འབྲེལ་བ་ཡོད་ཅིང་། དེས་ས་གནས་ཀྱི་ཆུ་བོར་གནོད་སྐྱོན་དང་སྡོད་གནས་ཁག་ལ་ཉེན་ཁ་བཟོས་ཏེ་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པའི་སྐོར་བརྗོད་ཡོད་ཅེས་དང་།

དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྡ་ཁྱབ་ནང་གསལ་བ་ལྟར་ན། མཚོ་སྔོན་ཚེ་རིང་ལགས་ཀྱིས་འཛུགས་སྐྲུན་ཚོགས་པ་དེས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་སྐོར་བརྙན་ཐུང་ཞིག་དྲ་ལམ་ཐོག་ཁྱབ་སྤེལ་བྱས་རྗེས། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༥ ནས་ ༡༧ བར་ཐོག་མར་འདྲི་གཅོད་བྱས་ཡོད། དེ་ནས་ཕྱི་ཚེས་ ༡༨ ནས་ ༢༧ བར་འབྲེལ་ལམ་མེད་པར་བཀག་ཉར་བྱས་ཤིང༌། དེ་རྗེས་ཁོང་གི་ནང་མིར་ཁོང་ཁྲིམས་གཅོད་བྱ་རྒྱུ་ཡིན་པའི་གནས་ཚུལ་བཏང་ཡོད། དམིགས་བསལ་སྙན་སྒྲོན་པ་ཚོས་ཁྲིམས་ཁང་ལ་བཅར་མཁན་ཚང་མས་སྔོན་ཚུད་ནས་ངོ་སྤྲོད་ལག་ཁྱེར་གྱི་གནས་ཚུལ་འབུལ་དགོས་པ་དེས་ཁྲིམས་ཐག་གཅོད་རྒྱུའི་བརྒྱུད་རིམ་མང་ཚོགས་ཀྱིས་རྟོག་ཞིབ་བྱེད་པར་བཀག་འགོག་བྱེད་སྲིད་པའི་ཐད་སེམས་འཚབ་ཀྱང་བཏོན་ཡོད་པར་བཀོད་འདུག།

ན་ནིང་ཕྱི་ཟླ་༡༠ ཚེས་༢༨ ཉིན། ཁྱུང་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་མཚོ་སྔོན་ཚེ་རིང་ལ་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པའི་ཉེས་མིང་འོག་ཉེས་ཆད་བཏང་སྟེ། ཟླ་བ་བརྒྱད་བཙོན་འཇུག་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་གང་དུ་ཡོད་མེད་སོགས་ཀྱི་གནས་སྟངས་གསལ་པོ་མེད་པ་མ་ཟད། ཁོང་གི་སྤྱི་ཚོགས་བརྒྱུད་ལམ་གྱི་ཁ་བྱང་ཡང་མེད་པར་བཟོས་ཡོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།