མཉམ་འབྲེལ་རྒྱལ་ཚོགས་སུ་སུད་སི་སྐུ་ཚབ་དོན་གཅོད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ནན་བརྗོད་གནང་སྐབས་རྒྱ་ནག་གཞུང་གི་ངོ་ཚབ་པས་ཆེད་དུ་འགོག་རྐྱེན་བཟོས་འདུག

ཟླ་འདིའི་ཚེས་༡༥ ཉིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས་འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་(Society for Threatened Peoples) ཞེས་པའི་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚབ་ཞུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུ་ཐེངས་༥༢ པའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གསུང་སྐབས་རྒྱ་ནག་གཞུང་གི་ངོ་ཚབ་པས་ཆེད་དུ་འགོག་རྐྱེན་བཟོས་འདུག

སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ལྷག་པར་དུ་འབྲོག་པའི་གནས་སྟངས་སྐོར་ཐུགས་སྣང་དགོས་པའི་སྙན་ཐོ་བཏོན་གནང་པར་ཐུགས་རྗེ་ཆེ་ཞུས་པའི་སྐབས། རྒྱ་ནག་གཞུང་གི་ངོ་ཚབ་པས་ཆེད་དུ་འགོག་རྐྱེན་བཟོས་ཏེ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ནི་ཁ་བྲལ་བ་རེད་ཅེས་བརྗོད་པ་མ་ཟད། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་པས། གལ་ཏེ་ཁོང་ལ་ཁ་བྲལ་གྱི་ལས་འགུལ་སྤེལ་དུ་འཇུག་པ་ཡིན་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་དང་འགལ་གྱི་ཡོད་པའི་ཉེས་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་གཞོན་པར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ལ་གསུང་བཤད་གནང་དུ་འཇུག་རྒྱུ་མེད་པའི་རེ་སྐུལ་ཞུས་ཡོད་པ་རེད། སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་གཞོན་པས། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་དང་འགལ་བའི་ལས་འགུལ་གང་ཡང་སྤེལ་གྱི་མེད་པའི་སྐོར་གསལ་བཤད་དང་འབྲེལ་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ལ་མུ་མཐུད་གསུང་བཤད་གནང་དུ་བཅུག་ཡོད།

སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས་གསུང་བཤད་གནང་འགོ་བཙུགས་པ་དང་སླར་ཡང་རྒྱ་ནག་གཞུང་གི་ངོ་ཚབ་ཀྱིས་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལ་ཆེད་དུ་འགོག་རྐྱེན་བཟོས་ཏེ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས་རྒྱ་ནག་གི་རང་བཙན་བདག་དབང་དང་ས་ཁུལ་གཅིག་གྱུར་གྱི་བདག་དབང་ལ་སྣང་ཆུང་ཚབས་ཆེན་གནང་གི་ཡོད་པའི་ཉེས་འཛུགས་ཀྱིས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས་གསུང་བཤད་འཕྲལ་དུ་མཚམས་འཇོག་གནང་དགོས་པའི་འབོད་སྐུལ་ཞུས། ཨ་རིའི་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་གཞོན་པར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལ་གསུང་བཤད་གནང་དུ་འཇུག་དགོས་པའི་འབོད་སྐུལ་ཞུས་གནང་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་གཞོན་པས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལ་སླར་ཡང་གསུང་བཤད་གནང་དུ་བཅུག་ཡོད།

སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས་གསུང་བཤད་རྒྱུན་སྐྱོང་གིས་རྒྱ་ནག་གཞུང་གིས་བོད་ནང་བོད་པའི་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ་བོད་པའི་སློབ་ཕྲུག་རྣམས་བཙན་དབང་གིས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་ཡོད་པའི་སྐོར་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་རྣམ་པས། རྒྱ་ནག་གཞུང་གིས་བོད་པའི་ཕྲུ་གུ་ས་ཡ་གཅིག་ཙམ་བཙན་དབང་གིས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་དང་གཏོང་བཞིན་ཡོད་པ་དེ་མཚམས་འཇོགས་དགོས་ཞེས་ཐུགས་འཚབ་ཀྱིས་གསུངས་པ་དེ་བསྐྱར་དུ་ནན་བརྗོད་གནང་ཡོད།
མཐར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་རྣམ་པས་བོད་མིའི་རིག་གཞུང་གི་ཐོབ་ཐང་དང་། ལྷག་པར་དུ་བོད་ཀྱི་འབྲོག་པ་རྣམས་སྲུང་སྐྱོབ་ཆེད་དུ་རྒྱ་ནག་གཞུང་ལ་རྩ་འཛིན་ལམ་སྟོན་ཁ་གསལ་ཞིག་གནང་དགོས་པའི་རེ་སྐུལ་ཞུས་གནང་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Share this:

Leave a Reply