མདུན་ཅོག་སྒོར་སྒོར་གྱི་བགྲོ་གླེང་། མཉམ་གནས་དང་ཁྱབ་སྤེལ།

བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་གོ་སྒྲིག་འོག་མདུན་ཅོག་སྒོར་སྒོར་གྱི་བགྲོ་གླེང་མཉམ་གནས་དང་ཁྱབ་སྤེལ་ཞེས་པའི་ཁ་བྱང་གི་ཐོག་ནས་ཚོགས་འདུ་ཞིག་འཚོགས་སོང་།
ཚོགས་འདུ་དེ་ཕྱི་ཟླ་༡༠ ཚེས་༢༦ གི་སྔ་དྲོར་དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ་འཚོགས་ཡོད་པ་དང་། སྐབས་དེར་དྷ་སའི་གྲོང་སྡེའི་སྤྱི་ཁྱབ་ཨོན་ཁར་ནེ་རིས་ཡ་Onkar Nehriya དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇི་ཐི་ནེ་རིས་ཡ།(Ajit Nehria) དེ་བཞིན་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་གནད་ཡོད་མི་སྣ་སོགས་ཚོགས་པ་ཁག་གི་འཐུས་མི། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་བུད་མེད་ལྷན་ཚོགས། དེ་བཞིན་གཞོན་ནུ་ལྷན་ཚོགས་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་མི་སུམ་ཅུ་ཡས་ཤིག་མཉམ་ཞུགས་གནང་འདུག ཐོག་མར་ཚོགས་མི་རྣམས་རེས་བསྐོར་གྱིས་ངོ་སྤྲོད་བྱས་རྗེས། ཚོགས་འདུ་སྔོན་མ་ནས་ད་བར་གྱི་ལས་གཞི་དང་འབྲེལ་བའི་སྐོར་དང་། ས་གནས་ཀྱི་ཡུལ་མི་དང་བོད་མིའི་སྤྱི་ཚོགས་བར་ལ་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བཅས་ཀྱིས་ཞི་མཐུན་མཉམ་གནས་ཡོང་ཐབས། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་གལ་གནད་བཅས་ཀྱི་ཐོག་ཕན་ཚུན་བསམ་ཚུལ་སྤེལ་རེས་སམ་བགྲོ་གླེང་གནང་སོང་།
གསར་འགོད་པས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བདེ་ཆེན་ལ་ལས་གཞི་འདི་དག་གི་དམིགས་ཡུལ་སོགས་ཀྱི་སྐོར་བཅར་འདྲི་ཞུ་སྐབས། ཁོང་གིས་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་༢༠༠༡ ལོར་དབུ་བརྙེས་ཤིང་། ༢༠༠༩ ནས་མཉམ་གནས་དང་ཁྱབ་སྤེལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་འདི་འགོ་བཙུགས་ཡོད་སྐོར། དེ་ནས་བཟུང་ང་ཚོ་བོད་པའི་སྐད་ཡིག་སོགས་གང་གི་ཐད་ནས་སྤྱི་ཚོགས་ཆུང་ཆུང་ཞིག་ཡིན་དུས། རྒྱ་གར་སྤྱི་ཚོགས་ཆེན་པོ་འདིའི་ནང་འདྲེས་མ་སོང་བ་ཞིག་དང་ཕྱོགས་གཞན་ནས་སྤྱི་ཚོགས་གཞན་དང་མཉམ་དུ་མཐུན་ལམ་ཡོང་རྒྱུའི་དམིགས་ཡུལ་ཆེན་པོ་ཞིག་བཟུང་ཡོད་པ། གཞན་ཡང་སྤྱི་ཚོགས་ནང་སྐད་ཡིག་དང་ཆོས་ལུགས་མ་འདྲ་བ་དང་མ་མཐུན་པ་ག་ཚོད་ཙམ་མང་པོ་ཡོད་པ་དེ་ཙམ་གྱིས་རྩོད་རྙོག་ཡོང་རྒྱུའི་ཉེན་ཁ་ཤུགས་ཆེ་བ་ཡོད་པ་དང་། དེ་བཞིན་སྤྱིར་རྩོད་རྙོག་ནི་མི་ཚེའི་ཆ་ཤས་ཤིག་ཡིན་པས་ཧང་སངས་དགོས་ཡ་མེད་ཀྱང་། རྩོད་རྙོག་འབྱུང་སྐབས་གདོང་ལེན་བྱེད་ཕྱོགས་དེ་གལ་ཆེན་པོ་ཡིན་པ། མི་གཅིག་གི་བྱེད་སྟངས་དེས་ང་ཚོ་དང་ཁོང་ཚོ་ཞེས་པའི་སྐད་ཆ་སླེབ་འགྲོ་དུས་སེམས་འཚབ་ཆེན་པོ་ཡོད་ཚུལ་དང་། དེར་བརྟེན་སྔོན་ནས་རྒྱ་གར་དང་བོད་པ་མཉམ་དུ་བསྡུས་ཤིང་ཟབ་སྦྱོང་སྤྲོད་རྒྱུའི་འབད་བརྩོན་གནང་གི་ཡོད་པ་དང་། དེ་རིང་ཡིན་ཡང་མདུན་ཅོག་སྒོར་སྒོར་གྱི་བགྲོ་གླེང་ཐོག་ཕན་ཚུན་གྱི་བསམ་ཚུལ་དངོས་གནས་དེ་གུས་ཞབས་དང་ལྡན་པའི་ཐོག་ནས་ཤོད་རེེས་བྱེད་ཀྱི་ཡོད་པ་ལས་བསྟོད་ར་གཏོང་རེེས་སོགས་དེ་ག་ཙམ་བྱེད་ཀྱི་མེད་པའི་སྐོར་སོགས་དང་། གཞན་ཡང་རྩོད་རྙོག་འདུམ་སྒྲིག་གི་ཆ་རྐྱེན་དང་འབྲེལ་ཏེ། རྩོད་རྙོག་འདུམ་སྒྲིག་ལ་ཆ་རྐྱེན་གཉིས་ཡོད་པ་དང་། དེ་ནི་གནད་དོན་ཞིག་མེད་ན་རྩོད་རྙོག་མི་འབྱུང་བ་བཞིན། གནད་དོན་སྒང་ལ་སྐད་ཆ་བཤད་དེ་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པ། མང་པོ་ཞིག་གིས་གནད་དོན་ཐོག་ཏུ་སྐད་ཆ་མ་བཤད་ནས་འབྲེལ་ལམ་སྡུག་ཏུ་གཏོང་གི་འདུག་ཅེས་དང་། དེ་བཞིན་ད་ལྟའི་ཆར་གནད་དོན་ག་རེ་ཡོད་པ་ཡར་བསླངས་ནས་དེའི་ཐོག་བགྲོ་གླེང་ལྷུག་པོ་དང་དངོས་གནས་གྲུབ་འབྲས་ཡོང་ཐུབ་པ་བྱ་རྒྱུ་དེ་ཡིན་པ་དང་།
སྤྱིར་ལས་རིམ་མང་པོ་ཞིག་ཡོད་པའི་ནང་ནས་མ་འོངས་པར་དཀའ་ངལ་འཕྲད་སྐབས་བེད་སྤྱོད་ནོར་བ་མ་བཏང་བར་བཟང་སྤྱོད་ལྡན་པའི་ཐབས་ལམ་གྱིས་ཡར་རྒྱས་ཡོང་ཆེད་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་དང་། མདོར་ན་མ་འོངས་པར་དཀའ་ངལ་མ་འཕྲད་པ་དང་འཕྲད་པ་ཡིན་ན་གོམ་པ་ག་རེ་ག་རེ་སྤོ་དགོས་ཀྱི་ཡོད་མེད་སོགས་ཀྱི་ཐད་གཙོ་བོ་འཛིན་གྱི་ཡོད་པར་ལན་འདེབས་གནང་བ་དང་། གཞན་ཡང་ཉེ་ཆར་གྲོས་ཚོགས་འཚོགས་མ་ཐུབ་པ་ལྟ་བུའི་རྙོག་དྲ་ལ་འདུམ་སྒྲིག་བྱེད་ཐུབ་ཀྱི་ཡོད་མེད་འདྲི་སྐབས། ང་ཚོ་ཚོགས་པ་ཆུང་ཆུང་ཞིག་ཡིན་པས་སྤྱི་ཚོགས་ལ་འགྱུར་བ་གཏོང་བའི་ནུས་པ་དང་གོ་གནས་གང་ཡང་མེད་པ་རེད། གལ་སྲིད་ང་ཚོ་རོགས་བླངས་ཏེ་འཆར་གཞི་ཞིག་བཟོས་ན་དེའི་ནང་ཁོང་རྣམས་ཀྱིས་གང་ཡོང་ཅི་ཡོང་ཞིག་བྱེད་ཐུབ་ཀྱི་ཡོད་པར་ལན་འདེབས་གནང་སོང་།
བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་ནི་༢༠༠༡ ལོར་འགོ་བཙུགས་ཤིང་། དེ་ནས་བཟུང་དྷ་སའི་གཡས་གཡོན་གཙོས་པའི་རྒྱ་གར་གྱི་ས་གནས་འདྲ་མིན་ནང་དུ་ཡོད་པའི་བོད་པའི་ཚོགས་པ་ཁག་དང་རྒྱ་གར་ཡུལ་མི། སློབ་མ་ཚོར་རྩོད་རྙོག་འདུམ་སྒྲིག་ཡོང་ཐབས་དང་གཞན་ཡང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྐོར་ལ་ཟབ་སྦྱོང་སྤྲོད་བཞིན་ཡོད་འདུག དམིགས་བསལ་ཕྱི་ལོ་༢༠༠༩ ལོ་ནས་ས་གནས་རྒྱ་གར་གྱི་གྲོང་སྡེའི་གནད་ཡོད་མི་སྣ་དང་བོད་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་གཙོ་བོ་བྱས་པའི་ལྷན་དུ་མཉམ་གནས་དང་ཁྱབ་སྤེལ་ཞེས་པའི་བགྲོ་གླེང་གོ་སྒྲིག་ཞུ་བཞིན་ཡོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།