མདུན་ལ་འགྲོ་བསམ་ན་རྒྱབ་ལ་བལྟ་དགོས་རེད་ཅེས་འཇུ་བསྟན་སྐྱོང་གིས་གསུངས་སོང་།
ནང་བསྟན་སྲི་ཞུ་ཁང་དབུ་བརྙེས་ནས་ལོ་ངོ་༦ འཁོར་བའི་མཛད་སྒོའི་ཐོག མདུན་ལ་འགྲོ་བསམ་ན་རྒྱབ་ལ་བལྟ་དགོས་པའི་དཔེ་བཞིན་བོད་ཀྱི་སྐད་ཡིག་དེང་རབས་ཅན་དུ་བསྒྱུར་བར་སྲོང་བཙན་སྒམ་པོའི་སྐབས་སུ་གཞུང་ལུགས་གསར་རྩོམ་གྱི་ཐོག་ནས་སྐབས་དེའི་དེང་རབས་ཅན་དུ་བསྒྱུར་ཡོད་པར་དཔེ་བལྟ་རྒྱུ་གལ་ཆེ་སྐོར་འཇུ་བསྟན་སྐྱོང་གིས་གསུངས་སོང་།
ཟླ་འདིའི་ཕྱི་ཚེས་༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ དང་སྐར་མ་༣༠ ཐོག་དྷ་ས་མེག་གྷན་བོད་ཁྱིམ་ཉིན་མོའི་སློབ་གྲྭ་རུ། ནང་བསྟན་སྲི་ཞུ་ཁང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༦ འཁོར་བའི་མཛད་སྒོ་ཞིག་འཚོགས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རུ་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་ཆོས་སྒྲོན་དང་། དམིགས་བསལ་སྐུ་མགྲོན་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་དང་། བོད་ཀྱི་དཔེ་མཛོད་ཁང་གི་དགེ་རྒན་ཆེན་མོ་ནཱ་གཱ་སངས་རྒྱས་བསྟན་དར་གཉིས་བཅས་ཀྱིས་དབུས། དྷ་སའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་། ནང་བསྟན་སྲི་ཞུ་ཁང་གི་དགེ་ལས་སློབ་ཕྲུག་དང་། ལས་ཟུར་བཅས་ཁྱོན་མི་༡༠༠ ཡས་མས་འཛོམས་འདུག
མཛད་སྒོའི་ཐོག་ནང་བསྟན་སྲི་ཞུ་ཁང་གི་དྲུང་ཆེ་བསྟན་འཛིན་སྦྱིན་པས་ཚོགས་པ་ངོ་སྤྲོད་བྱས་པ་ལྟར་ན། ནང་བསྟན་སྲི་ཞུ་ཁང་ནི་ཕྱི་ལོ་༢༠༡༠ ཕྱི་ཟླ་༡༠ ནང་ཧྥ་རན་སིར་ཐོག་མར་གསར་འཛུགས་གནང་ཡོད་འདུག་ཅིང་། ཕྱི་ལོ་༢༠༡༡ ཕྱི་ཟླ་༩ ཚེས་༡༠ ཉིན་དྷ་ས་མེག་གྷན་དུ་ནང་བསྟན་སྲི་ཞུ་ཁང་གི་ཡན་ལག་ཚོགས་པ་གསར་དུ་བཙུགས་ཡོད་འདུག ཚོགས་པའི་དམིགས་ཡུལ་ལྟེ་བ་ནི་བོད་བརྒྱུད་ནང་བསྟན་གཙོས་པའི་ནང་བསྟན་སྤྱི་དང་། དེ་ལ་དོན་གཉེར་གནང་མཁན་གྱི་མི་རིགས་དབྱེར་མེད་ལ་ཞབས་འདེགས་སྒྲུབ་རྒྱུ་ཡིན་འདུག་ཅིང་། དེའི་ཐབས་སུ་རྩ་བའི་ལས་གཞི་གཉིས་སྒྲུབ་ཀྱི་ཡོད་པ་ནི། ནང་བསྟན་ཡུན་རིང་དུ་གནས་ཕྱིར་བོད་སྐད་ཡིག་རྒྱུན་འཛིན་དང་། ནང་བསྟན་དར་ཞིང་རྒྱས་པའི་ཆེད་དུ་ལོ་ཙཱ་སླར་གསོ་བྱེད་པ་གཉིས་ཡིན་འདུག རྩ་བའི་ལས་གཞི་དེ་གཉིས་དངོས་སུ་འགྲུབ་ཕྱིར་ཡན་ལག་གི་ལས་གཞི་ཁག་ཅིག་བཙུགས་ཡོད་པ་ལས། སྐད་ཡིག་རྒྱུན་འཛིན་བྱེད་ཐབས་སུ་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ལས་འགུལ་སྣ་ཚོགས་པ་སྤེལ་བ་དང་། ལོ་པཎ་ཟུང་འབྲེལ་གྱི་སྒྲ་བསྒྱུར་ཐབས་ལམ་ལོ་ཙཱ་སླར་གསོ་བྱེད་ཕྱིར་མ་དཔེའི་ཚིག་རིས་ཞུ་དག་དང་། ལོ་ཙཱ་བ་གསོ་སྐྱོང་། པཎྜི་ཏ་གསོ་སྐྱོང་། བརྡ་ཆད་གཏན་འབེབས་བཅས་ཀྱི་ལས་གཞི་ཁག་བཞི་སྒྲུབ་མུས་ཐོག ལོ་པཎ་ཟུང་འབྲེལ་གྱིས་ནང་བསྟན་རིག་གནས་ཀྱི་གཞུང་ལུགས་དག་སྐད་རིགས་གཞན་པའི་ནང་བསྒྱུར་རྒྱུ་དང་། བསྒྱུར་ཟིན་པ་རྣམས་ཞུ་ཆེན་གྱིས་གཏན་ལ་ཕབ་རྒྱུའི་ལས་གཞི་བཅས། གོང་གསལ་ལས་གཞི་རྣམས་ཀྱི་ཕྱིར་དུ་དྲ་ཐོག་སློབ་གྲྭ་དང་། མྱུར་སྦྱོང་སློབ་གྲྭ། རྩོམ་སྒྲིག་སྡེ་ཚན། དཔེ་བསྡུར་སྡེ་ཚན། ཞིབ་འཇུག་སྡེ་ཚན་བཅས་སྡེ་ཚན་ལྔའི་ནང་ད་ལྟའི་ཆར་ལས་བྱེད་༧༠ ཡིས་བོད་སྐད་ཡིག་གི་ཐོག་ནས་ཕྱག་ལས་གནང་དང་གནང་མུས་ཡིན་འདུག་པ་མ་ཟད། སློབ་གྲྭ་ཁག་གཉིས་ཀྱི་ནང་ད་བར་མི་རིགས་མི་འདྲ་བ་༡༠༠ ལྷག་ནས་ཡོང་བའི་སློབ་གཉེར་བ་༡༤༤༠ ལྷག་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་བསླབ་དང་སློབ་མུས་ཡིན་འདུག
དེ་རྗེས་སྐུ་མགྲོན་གཙོ་བོ་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་ཆོས་སྒྲོན་གྱིས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་བྱིས་པ་ཚོར་བསམ་བརྗོད་རང་དབང་དང་། འཚོ་བའི་རང་དབང་། སྲུང་སྐྱོབ་རང་དབང་གསུམ་ལྡན་པའི་ཐོག་ནས་སློབ་གསོ་སྤྲོད་དགོས་པ་དང་། སློབ་གསོ་སྤྲོད་པའི་སྐབས་སུ་བཙན་ཐབས་དང་གཅར་བརྡུང་གི་དོད་དུ་ཐབས་ལམ་ལྡན་པའི་སྒོ་ནས་ར་འཕྲོད་ཐབས་བྱེད་དགོས་པ། བྱིས་པས་ནོར་འཁྲུལ་བཟོས་ཚེ་དགོངས་དག་ཞུ་འཇུག་པ་དང་། གཤེ་གཤེ་གཏོང་བ་བཅས་ཀྱི་ཚབ་ཏུ་བྱིས་པ་རང་ཉིད་ལ་ནོར་འཁྲུལ་ངོས་ཟིན་འཇུག་ཐབས་བྱེད་དགོས་སྐོར་སོགས་བརྗོད་ནས་ཤེས་ཡོན་སྲིད་ཇུས་ཐོག་གཏམ་བཤད་བྱས་སོང་།
དེ་རྗེས་དམིགས་བསལ་སྐུ་མགྲོན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཁང་གི་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་གིས་བོད་ཀྱི་སྐད་ཡིག་དེང་རབས་ཅན་དུ་བསྒྱུར་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། ཁོང་གིས་གནའ་དེང་གི་ས་མཚམས་དང་དབྱེ་བ་ཏག་ཏག་ཅིག་ཤེས་ཀྱི་མེད་ཀྱང་། བསམ་ཚོད་ལྟར་ན་དེང་རབས་ཅན་ཟེར་བ་ནི་ལས་སླ་རུ་གཏོང་བ་དང་གནའ་རབས་ཅན་ཟེར་བ་ནི་དཀའ་ལས་ཁག་པོའི་རྣམ་པ་ཞིག་ཡིན་པ་དང་། བོད་ཀྱི་སྐད་ཡིག་ལ་མཚོན་ན་དེང་རབས་ཅན་ལ་བསྒྱུར་དགོས་པ་རེད་ཟེར་དུས་ཕྱོགས་གཅིག་ནས་ཉམས་ཆགས་གཏོང་གི་ཡོད་པའི་བཟོ་འདྲ་ཡོད་པ། སྲོང་བཙན་སྒམ་པོའི་སྐབས་སུ་གཞུང་ལུགས་གསར་རྩོམ་གྱི་ཐོག་ནས་དེང་རབས་ཅན་དུ་བསྒྱུར་ཡོད་ཁར། ཕྱིས་སུ་སྐད་གསར་བཅོས་སོགས་ཀྱི་སྒོ་ནས་དུས་སྐབས་སོ་སོའི་སྐབས་སུ་རིམ་པས་དེང་རབས་ཅན་དུ་བསྒྱུར་ཡོད་ཀྱང་། དེའི་སྐབས་ཀྱི་དེང་རབས་ཅན་དེ་ད་ལྟ་གནའ་རབས་གྱུར་ཟིན་སྟབས། ད་ལྟའི་བོད་ཀྱི་སྐད་ཡིག་དེང་རབས་ཅན་དུ་བསྒྱུར་དགོས་ན་སྐབས་དེའི་ཐབས་ལམ་གཅིག་པུས་གོ་མི་ཆོད་ཀྱང་། མདུན་ལ་འགྲོ་བསམ་ན་རྒྱབ་ལ་བལྟ་དགོས་པའི་དཔེ་བཞིན་སྐབས་དེའི་གནས་ཚུལ་ཤེས་པའི་ཐོག་ནས་བྱ་རྒྱུ་གལ་ཆེ་སྐོར་དང་། ལ་རྒྱ་དང་དུང་ཞེན་ཙམ་ཞིག་གི་སྒོ་ནས་རང་གི་སྐད་ཡིག་དང་རིག་གཞུང་སྦྱོང་ན་ཡག་པོ་ཡིན་ཡང་། དེས་ཕུགས་རྒྱང་རིང་པོར་ཕན་ཐོགས་ཡོང་ཁག་པོ་ཡིན་སྟབས་སོ་སོའི་སྐད་ཡིག་དང་རིག་གཞུང་གི་རིན་ཐང་ངོས་ཟིན་པའི་ཐོག་ནས་སྦྱོང་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་སོང་།
དེ་བཞིན་དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་དགེ་རྒན་ཆེན་མོ་ནཱ་གཱ་སངས་རྒྱས་བསྟན་དར་གྱིས་ནང་བསྟན་སྲི་ཞུ་ཁང་ལ་རྒྱབ་སྐྱོར་དང་དགའ་ཞེན་གྱི་ཐོག་ནས་མཛད་སྒོའི་ཐོག་བཅར་བ་ཡིན་པ་དང་། སྲི་ཞུ་ཁང་གི་མྱུར་སྦྱོང་སློབ་གྲྭའི་སློབ་ཁྲིད་བྱེད་སྟངས་ལ་བསྔགས་བརྗོད་དང་འབྲེལ་བོད་ཀྱི་སྐད་ཡིག་འཚོ་བ་དངོས་ཀྱི་ནང་ཇི་ལྟར་བཀོལ་སྤྱོད་བྱེད་དགོས་པའི་སྐོར་གཏམ་བཤད་བྱས་སོང་།
གཞན་ཡང་མཛད་སྒོའི་ཐོག་ནང་བསྟན་སྲི་ཞུ་ཁང་གི་དགེ་ལས་ཁག་ཅིག་ནས་ཕྱི་རྒྱལ་བ་ཚོས་བོད་ཀྱི་སྐད་ཡིག་ལ་སྦྱོང་བརྩོན་ཇི་ལྟར་བྱེད་ཀྱི་ཡོད་མེད་དང་འབྲེལ་བའི་གཏམ་བརྗོད་ཅིག་འཁྲབ་སྟོན་བྱས་སོང་ལ། ནང་བསྟན་སྲི་ཞུ་ཁང་གི་ལས་བྱེད་གནང་ནས་ལོ་༥ དང་༤ ཕྱིན་ཟིན་པའི་དགེ་ལས་༡༠ ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དུ་གཟེངས་རྟགས་དང་། མྱུར་སྦྱོང་སློབ་གྲྭ་དང་དྲ་ཐོག་སློབ་གྲྭའི་དགེ་རྒན་རྩེ་ཕུད་གཉིས་ལ་གཟེངས་རྟགས་བཅས་གནང་སོང་། གཞན་ཡང་མཛད་སྒོ་གྲོལ་རྗེས་སྡེ་ཚན་སོ་སོའི་འགན་འཛིན་རྣམས་ཀྱིས་ལས་གཞི་ཁག་གི་སྐོར་གློག་ཀླད་བརྒྱུད་ངོ་སྤྲོད་དང་འགྲེམས་སྟོན་ཡང་བྱས་སོང་།
མཇུག་ཏུ་འདི་གའི་གསར་འགོད་པས་ནང་བསྟན་སྲི་ཞུ་ཁང་གི་མྱུར་སྦྱོང་སློབ་གྲྭའི་འགན་འཛིན་རིན་ཆེན་རྡོ་རྗེ་ལ་མྱུར་སྦྱོང་སློབ་གྲྭ་ཞེས་པ་ག་འདྲ་ཡིན་མིན་དྲིས་པར། “མྱུར་སྦྱོང་སློབ་གྲྭ་ནི་དགེ་སློབ་མཉམ་འཛོམས་ཀྱིས་བོད་སྐད་གཏན་ནས་མི་ཤེས་པའི་ཕྱི་རྒྱལ་བ་དང་། ཕྱི་སྡོད་བོད་རིགས་གཞོན་སྐྱེས་དོན་གཉེར་ཅན་རྣམས་ལ། དུས་ཡུན་ཐུང་ཐུང་ནང་བོད་ཀྱི་རྒྱུན་སྤྱོད་ཁ་སྐད་ཤེས་ཐུབ་པ་བྱེད་པའི་ང་ཚོའི་ལས་གཞིའི་རྣམ་གྲངས་ཤིག་རེད། ལས་གཞིའི་རྣམ་གྲངས་འདི་ལ་བོད་རིགས་དགེ་རྒན་བཞིས་རེས་མོས་ཀྱིས་སློབ་ཚན་འཁྲིད་པ་དང་། སྦྱོང་བརྡར་སྤྲོད་པ། བསྐྱར་སྦྱོང་དང་སྦྱོང་ཚན་བསྐུལ་བ་སོགས་ཀྱི་ལམ་ནས། དུས་ཡུན་ཟླ་བ་གསུམ་གྱི་ནང་ཉིན་རེར་ཆུ་ཚོད་༨ ཀྱི་རིང་སློབ་ཁྲིད་བྱས་པ་བརྒྱུད་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བོད་པའི་ཁ་སྐད་ཤེས་ཐུབ་པ་བྱེད་པའི་ཉིན་གང་གི་མྱུར་སྦྱོང་སློབ་ཁྲིད་གཅིག་དང་། དུས་ཡུན་ཟླ་བ་ལྔའི་ནང་ཉིན་རེར་ཆུ་ཚོད་༤ རིང་སློབ་ཁྲིད་བྱས་པ་བརྒྱུད་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བོད་པའི་ཁ་སྐད་ཤེས་ཐུབ་པ་བྱེད་པའི་མྱུར་སྦྱོང་ཉིན་ཕྱེད་ཀྱི་སློབ་ཁྲིད་གཅིག དེ་བཞིན་ཉིན་རེར་ཆུ་ཚོད་གཅིག་དང་གཉིས། གསུམ། ལྔ་བཅས་སློབ་གཉེར་བ་ཚོའི་དགོས་མཁོ་དང་འདོས་མོས་ལ་གཞིགས་པའི་ཁྱོན་སློབ་ཐུན་མི་འདྲ་བ་ཁག་༦ ཡོད་རེད། ང་ཚོའི་ལས་རིམ་འདི་དག་ལ་བརྟེན་ནས་ཕྱི་སྡོད་བོད་རིགས་གཞོན་སྐྱེས་ཚོས་གུང་སེང་གི་དུས་ཡུན་ཐུང་ཐུང་ནང་རང་གི་ཕ་སྐད་ཤེས་ཐུབ་ཀྱི་ཡོད་ལ། ཕྱི་རྒྱལ་བ་ཚོ་ཡང་རྒྱུན་སྤྱོད་ཀྱི་བོད་སྐད་ཆ་ཚང་བ་བཤད་ཐུབ་པ་ཆགས་ཀྱི་ཡོད་པས། ལས་རིམ་འདི་ནི་དུས་ཡུན་ཐུང་ཐུང་ནང་སྦྱོང་འབྲས་ཆེན་པོ་ཐོབ་པའི་བོད་ཀྱི་ཁ་སྐད་མྱུར་སྦྱོང་གི་ཐབས་ལམ་གསར་པ་རྨད་དུ་བྱུང་བ་ཞིག་ཡིན། དེ་བཞིན་ལོ་ཙཱ་ཆེད་སྦྱོང་གི་སློབ་མ་རྣམས་དང་། ལོ་ཙཱ་བ། ཆེད་ལས་ཞིབ་འཇུག་པ་རྣམས་ལ་སོ་སོའི་སློབ་སྦྱོང་དང་ཡིག་སྒྱུར། ཞིབ་འཇུག་གི་རྒྱུ་ཆ་སོགས་སོ་སོའི་དགོས་མཁོ་དང་བསྟུན་ནས་མཁོ་སྒྲུབ་དང་ལམ་སྟོན། རམ་འདེགས་བྱེད་བཞིན་ཡོད།”ཅེས་བརྗོད་བྱུང་། །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།