མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་༦༧ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།

ཟླ་འདིའི་ཚེས་༡༦ ཉིན་གྱི་ཞོགས་པར། དབུས་ཡན་ལག་ལས་ཁུངས་དང་རྡ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་མཉམ་འབྲེལ་ཐོག ལྷ་རྒྱ་རི་རྟེན་མཁར་དུ་ཡོད་པའི་ཛ་སག་དམག་སྤྱི་མཆོག་གི་རྗེས་དྲན་རྡོ་རིང་མདུན་ཐང་དུ། བོད་ཀྱི་རྒྱལ་ས་ལྷ་ས་དང་ཉེ་བའི་ལྷོ་ཁ་ལྕགས་ཚ་གྲུ་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་པ་ནས་ལོ་ངོ་༦༧ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།

པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་རྒྱུན་ལས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་དང་། དམིགས་བསལ་སྐུ་མགྲོན་དུ་རྡ་རམ་ས་ལའི་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར། གཞན་སྐུ་མགྲོན་དུ་སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་དང་། སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན། སྤྱི་འཐུས་རྒྱུན་ལས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན། སྤྱི་འཐུས་རྒྱུན་ལས་བསྟན་འཛིན་འཇིགས་བྲལ། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ། དེ་བཞིན་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་གཙོས་རྒྱུན་ལས་རྣམ་པ་དང་སེར་སྐྱ་མི་མང་སོགས་ཕེབས་འདུག

སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་༦༧ འཁོར་བའི་དུས་དྲན་ཐོག མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཡོངས་ཁྱབ་གསུང་འཕྲིན་ནང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་སྐོར་འཁོད་དོན།

༡༩༥༡ ལོར་གུང་དམག་ནས་ཆབ་མདོ་བཙན་བཟུང་དང་། ཆིངས་ཡིག་དོན་ཚན་༡༧ ཟེར་བ་བཞག་རྗེས་རྒྱལ་ས་ལྷ་སར་རྒྱ་དམག་གིས་ཁེབས་ཤིང་། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་མཚན་གནས། བོད་ས་གནས་སྲིད་གཞུང་ཞེས་བརྗེ་བསྒྱུར་དང་འབྲེལ། གཞུང་ཞབས་དཔོན་རིགས་དཔའ་འཛངས་བློ་རྩལ་ཡངས་པ་རྣམས་གནས་དབྱུང་བཏང་པ་སོགས་ཀྱིས་ནམ་རིང་སྒྲུང་གིས་འཁྱོལ་ཐབས་མེད་པ་གསལ་རྟོགས་བྱུང་ཡང་། བོད་གཞུང་རང་ནས་༧རྒྱལ་བའི་སྐུ་ཕྱཱའི་བདེ་འཇགས་དང་མི་དམངས་མང་པོའི་ཚེ་སྲོག་ཆུད་ཟོས་སུ་འགྲོ་བར་འཇིགས་ཏེ་རྒྱ་དམར་ལ་བསྟུན་མཁས་གནང་རྒྱུ་ལས་དྲག་པོའི་ཁ་གཏད་གཅོག་རྒྱུའི་བློ་རིང་ཐུང་ཅི་རིགས་ལ་བརྟེན། ༡༩༥༧ ལོར་ཨ་འབྲུག་མགོ་པོ་བཀྲ་ཤིས་མཆོག་གིས་དབུ་ཁྲིད་པའི་ལྷ་སྡོད་མདོ་ཁམས་ཚོང་པ་བསམ་ཡོད་རྣམས་ཀྱིས་མངོན་གསལ་མེད་པའི་སྒོ་ནས། བོད་རང་དབང་རང་བཙན་མུ་མཐུད་གནས་ཐབས་དང་། ༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གི་སྐུ་ཕྱཱའི་སྲུང་སྐྱོབས་བཅས་ལ་དམིགས་ཏེ་དྲག་པོའི་སྒོ་ནས་རྒྱ་དམག་ཕྱིར་འབུད་གཏོང་རྒྱུའི་ཆོད་སེམས་བརྟན་པོ་བཅངས་ཏེ། རང་གཞུང་དཔོན་རིགས་དང་འབྲེལ་ལམ་སྟབས་བདེ་ཡོང་ཆེད་གསེར་ཁྲི་ཁམས་གསུམ་ཟིལ་གནོན་གསར་བཞེངས་གནང་འགོ་བཙུགས་པ་དང་། བཀའ་ཤག་དང་གོ་བསྡུར་རིམ་སོང་བརྒྱུད་༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་གིས་ཚོགས་པར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཅེས་མཚན་གསོལ། རྩེ་མགྲོན་གཉེར་ཆེན་མོ་ཕ་ལྷ་ཐུབ་བསྟན་འོད་ལྡན་གྱིས་ཤང་དགའ་ལྡན་ཆོས་འཁོར་གླིང་ན་ཡོད་པའི་གཞུང་གི་གོ་མཛོད་ནས་མཚོན་ཆ་ལེན་སྤྱོད་ཆོག་པའི་གནང་བ་ཐོབ་པ་བཅས་ལས་རྟ་དམག་རིམ་བསྡུ་བྱས་ཏེ། ༡༩༥༨ ཟླ་༦ ཚེས་༡༦ ཉིན་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་བསྟན་སྲུང་དང་བླངས་དམག་སྒར་དབུ་འཛུགས་ཐུབ་པ་བྱུང་བ་རེད་ཅེས་འཁོད་འདུག

ཆུ་སྒང་གི་བྱས་རྗེས་དང་འབྲེལ། ༡༩༥༩ ལོར་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་རྒྱལ་ས་ནས་ཉེས་ཡོལ་དུ་ཕེབས་རྒྱུའི་ཐུགས་ཐག་ཆོད་པ་དང་། ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་སྒར་ནས་ཁས་ལེན་དམག་སྤུངས་ཆིག་སྟོང་ཙམ་ཆུ་ཤུལ་བར་ཡོང་ཞིང་། བོད་གཞུང་བཀའ་ཤག་ལ་གསང་འབྲེལ་ཞུས་དོན་ལྟར་དམག་མི་སུམ་བཅུ་ཐམ་པ་ལྷ་ས་སྐྱིད་ཆུ་ར་མ་གྲུ་ཁ་བར་ཆིབས་བསུར་བཅར་ཏེ། སྐུའི་ཡོངས་འཛིན་རྣམ་གཉིས་དང་། སྐུ་འཁོར་ནང་མི། བཀའ་བློན་དང་བཅས་པ་བཙན་བྱོལ་མ་འབྱོར་བར་དུ་རང་སྲོག་བློས་བཏང་གིས་དཔུང་རོགས་མཐིལ་ཕྱིན་པ་ཞུས་ཡོད་ཅེས་འཁོད་འདུག་ལ།

དེ་བཞིན་ལོ་འདིའི་ནང་གི་ལས་འཆར་དང་འབྲེལ། འདི་ལོར་མདོ་ཁམས་གཞིས་བྱེས་གཉིས་ཀྱི་ངོ་ཚབ་ཐོག་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་དྲན་དང་འབྲེལ། དགུང་ལོ་༩༠ འཁོར་བའི་དགའ་སྟོན་གྲ་སྒྲིག་སྔར་ནས་ཟིན་དོན་ལྟར་རིང་མིན་བརྟན་བཞུགས་རྒྱས་འབུལ་ཞུ་རྒྱུ་ཡིན་ལ། དཔལ་ལྡན་རང་གཞུང་བཀའ་ཤག་ནས་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་བཞིན་པར་མཉམ་ཞུགས་བྱ་རྒྱུ་ཡིན་པ་སོགས་འཁོད་འདུག

གཞན་ཡང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དུས་དྲན་དེའི་ཐོག་གནང་བའི་ཡོངས་ཁྱབ་གསུང་འཕྲིན་ནང་སྔར་གྱི་མཛད་རྗེས་དང་འབྲེལ་འཁོད་དོན། དཔའ་རྒོད་ཚོས་དགྲ་བོ་རྒྱ་དམག་བཙན་རྒྱལ་རིང་ལུགས་པ་ཚོར་དཔའ་ངར་ཞུམ་མེད་ཀྱིས་ཕར་རྒོལ་འཐབ་འཛིང་ལན་མང་བྱས་ཡོད། ལྷག་དོན་དུ་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་སྐབས་༸སྐུའི་ཉེན་སྲུང་གི་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་༸ཞབས་སོར་བདེ་བར་འཁོད་རྗེས་སུའང་སྙིང་སྟོབས་ཞུམ་པ་མེད་པར་བོད་རྒྱལ་ཁབ་སླར་གསོའི་ཆེད་རྒྱ་དམག་ལ་ཕར་རྒོལ་གྱི་གྲ་སྒྲིག་མུ་མཐུད་བྱས་ཡོད་པ་བཅས་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་དེབ་ཐེར་ནས་ནམ་ཡང་ཟུབ་ཐབས་མེད་པའི་བྱུང་རབས་ཤིག་ཏུ་གྱུར་ཡོད་ཅེས་དང་།

ད་ལྟའི་ལས་དོན་བྱེད་ཕྱོགས་དང་འབྲེལ། བྱེ་བྲག་ཏུ་ཆུ་སྒང་སྒྲིག་འཛུགས་ཀྱིས་རང་རིགས་མི་རབས་རྒན་པ་རྣམས་ལ་ལེགས་སོ་དང་འཁོས་ཞན་རྣམས་ལ་འཚོ་སྣོན། མ་འོངས་བོད་དོན་འཐབ་རྩོད་དང་བོད་ཀྱི་ཆོས་དང་། རིག་གཞུང་། མི་རིགས་ཀྱི་སོན་རྩ་ན་གཞོན་རྣམས་ལ་སློབ་ཡོན་བཅས་ཀྱི་མཐུན་འགྱུར་གནང་དང་གནང་བཞིན་པ་སོགས་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཚོར་ཕན་ཐོགས་ཙམ་དུ་མ་ཟད། བོད་མིའི་སྒྲིག་འཛུགས་སྤྱི་ལའང་དཔུང་འདེགས་སུ་འགྲོ་བའི་བྱ་གཞག་བཟང་པོ་འདི་དག་ལ་ད་རེས་དུས་དྲན་མཛད་སྒོ་འདི་དང་བསྟུན་ནས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ད་དུང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་མུ་མཐུད་ཕྱག་ལས་རྒྱུན་འཁྱོངས་གནང་རྒྱུའི་ཆོད་སེམས་བརྟན་པོ་དང་འབད་བརྩོན་བཅས་སྔར་ལྷག་གནང་རྒྱུ་གལ་ཆེར་མཐོང་སོགས་འཁོད་འདུག།།

ཆུ་བཞི་སྒང་དྲུག་བརྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་པའི་དུས་དྲན་ནི་རྒྱ་གར་གཙོས་ཕྱི་རྒྱལ་ཁག་གི་ཆུ་སྒང་ས་གནས་རྒྱུན་ལས་ཡོད་ས་ཚང་མར་དུས་དྲན་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། བློ་བཟང་རྒྱ་མཚོ།