མཚན་མཐུན་གཉེན་སྒྲིག་ཆོག་པའི་ཐག་གཅོད།

ཐའེ་ཝན་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་༡༤ ཡོད་པའི་ལྷན་ཚོགས་ཀྱིས། རྒྱལ་ཁབ་དེའི་ནང་མཚན་མཐུན་གཉེན་སྒྲིག་བྱེད་ཆོག་པའི་ཐག་གཅོད་བྱས་ཡོད་འདུག་ཀྱང་། དེར་གྲོས་ཚོགས་ཀྱི་རྒྱབ་སྐྱོར་དགོས་ཀྱི་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༤ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཐའེ་ཝན་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཚོས་ཟླ་འདིའི་ཕྱི་ཚེས་༢༤ ཉིན། ཐའེ་ཝན་ནང་མཚན་མཐུན་གཉེན་སྒྲིག་བྱེད་ཆོག་པའི་ཁྲིམས་ཐག་བཅད་ཡོད་འདུག་པ་དང་། ཐག་གཅོད་དེ་ནི་ལུང་པ་དེའི་ནང་མཚན་མཐུན་དང་། མཚན་སྒྱུར། ཕོ་མོ་གཉིས་ཀར་འཁྲིག་སྤྱོད་བྱེད་མཁན་བཅས་ཀྱི་གང་ཟག་རྣམས་ལ་སྔར་ལས་སྡང་ཟུག་ཆེ་རུ་འགྲོ་བཞིན་པའི་སྐབས་སུ་བྱུང་བ་ཞིག་ཡིན་འདུག་པ་མ་ཟད། ཨེ་ཤི་ཡའི་ལུང་པའི་ནང་མཚན་མཐུན་གཉེན་སྒྲིག་བྱེད་ཆོག་པ་ཁྲིམས་ཁང་ནས་ཐག་གཅོད་བྱུང་བ་ཐོག་མ་དེ་ཡིན་འདུག

སྤྱིར་ད་ལྟའི་ཐའེ་ཝན་གྱི་རྩ་ཁྲིམས་ནང་གཉེན་སྒྲིག་དེ་ངེས་པར་དུ་ཕོ་མོ་ཕན་ཚུན་བར་བྱེད་དགོས་པའི་ཁྲིམས་ཡོད་འདུག་ཀྱང་། ད་ཐེངས་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེའི་རྐྱེན་པས། གྲོས་ཚོགས་ནས་རྩ་ཁྲིམས་ལ་བཟོ་བཅོས་བཏང་བའམ། ཁྲིམས་གསར་པ་བཟོ་བ་གཉིས་གང་རུང་བྱེད་དགོས་ཁེལ་གྱི་ཡོད་འདུག

ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ལ་ཡོད་པའི་དཔྱད་བརྗོད་པ་སིན་ཌི་སུ་ཡིས་བརྗོད་པ་ལྟར་ན། ཁྲིམས་ཁང་གིས་ད་ལྟའི་ཆར་མཚན་མཐུན་བར་གྱི་གཉེན་སྒྲིག་བཀག་སྡོམ་དེ་ནི། རྩ་ཁྲིམས་དང་མ་མཐུན་པ་ཡིན་པའི་ཐག་གཅོད་བྱས་རྐྱེན། ཐའེ་ཝན་གྲོས་ཚོགས་ཀྱིས་རྩ་ཁྲིམས་ནང་གསལ་བའི་ད་ཡོད་ཀྱི་ཁྲིམས་ལ་བཟོ་བཅོས་བཏང་བའམ། ཡང་ན་མཚན་མཐུན་འཁྲིག་སྤྱོད་བྱེད་མཁན་རྣམས་ཕན་ཚུན་གཉེན་སྒྲིག་བྱེད་ཆོག་པའི་ཁྲིམས་གསར་པ་གཏན་འབེབས་བྱེད་པ་གཉིས་གང་རུང་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་འདུག

དེ་བཞིན་ཁྲིམས་དཔོན་རྣམས་ཀྱི་ཐག་གཅོད་དེ་ཁྲིམས་མཐུན་ཆགས་དང་མ་ཆགས་ཡུལ་དེའི་གྲོས་ཚོགས་ལ་རག་ལས་ཡོད་ཀྱང་། མཚན་མཐུན་དང་མཚན་སྒྱུར། དེ་བཞིན་ཕོ་མོ་གཉིས་ཀ་དང་འཁྲིག་སྤྱོད་ཀྱི་ལས་ལ་རོལ་མཁན་བཅས་ནས་གྲོས་ཚོགས་མི་རྣམས་ཀྱིས་ད་ཡོད་ཀྱི་ཁྲིམས་ལ་བཟོ་བཅོས་བཏང་ནས། ཁོ་རང་ཚོར་མཚན་མཐུན་མིན་པའི་བཟའ་ཟླ་ཚོས་ལོངས་སུ་སྤྱོད་བཞིན་པའི་ཐོབ་ཐང་བཞིན། ཁོང་ཚོ་ཕན་ཚུན་ལའང་གཉེན་སྒྲིག་ཆོག་པའི་ཐོབ་ཐང་རག་པའི་རེ་བ་རྒྱག་བཞིན་ཡོད་འདུག

སྔར་ལོ་ལྕམ་ཚའེ་དབྱིང་ཝེན་ཐའེ་ཝན་གྱི་སྲིད་འཛིན་ཆགས་ནས་བཟུང་། མཚན་མཐུན་ཕན་ཚུན་གཉེན་སྒྲིག་བྱེད་རྒྱུའི་སྐོར་གྱི་གནས་ཚུལ་ཤུགས་ཆེ་རུ་གྱུར་ཡོད་འདུག་ལ། དེའི་རྒྱུ་མཚན་ནི་ལྕམ་ཚའེ་དབྱིང་ཝེན་ནི་གཉེན་སྒྲིག་གི་ཐོབ་ཐང་འདྲ་མཉམ་ཐོག་མངོན་གསལ་དོད་པོར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་སྟབས་ཡིན་སྐོར་འདུག

དེ་སྔོན་ཐའེ་ཝན་གྱི་གྲོས་ཚོགས་ནང་མཚན་མཐུན་ཕན་ཚུན་བར་གཉེན་སྒྲིག་བྱེད་རྒྱུའི་ཐད་ལ་ཁྲིམས་འཆར་སླེབས་ཡོད་འདུག་ཀྱང་། ཆོས་པ་དང་སྲོལ་རྒྱུན་གྱི་ལྟ་བ་ཤུགས་ཆེར་འཛིན་མཁན་རྣམས་ཀྱིས་ངོ་རྒོལ་བྱས་པ་ལ་བརྟེན་ནས་ཁྲིམས་འཆར་དེར་དགོས་ངེས་རྒྱབ་སྐྱོར་རག་མེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།