མཚན་སྙན་སྲུང་བར་ཁ་ཕྱོགས་ཤེས་དགོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་   ༦༡༦   ཕྱི་ལོ་ ༢༠༡༦/༡༠/༡༢      

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས་དང་རེ་ལྟོས་འཆའ་ས་ཉག་གཅིག་ཡིན་པ་དང་། མགོན་པོ་གང་གི་མཛད་འཕྲིན་དང་མཚན་སྙན་ནི་བོད་མི་རིགས་ཀྱི་གཟི་བརྗིད་དུ་གྱུར་ཡོད། དེར་བརྟེན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་། མཚན་སྙན་ཕྱོགས་སུ་རྒྱས་ཆེད་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ལ་འགན་ཁུར་ཆེན་པོ་ཡོད་པ་ནི་སྨྲོས་མ་དགོས་པ་རེད། རྩ་བས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཤཱཀྱའི་དགེ་སྦྱོང་ཆེན་པོ་ཞིག་ཡིན་པའི་ངོས་ནས་མཚན་སྙན་དགོས་མཁོ་ཡོད་པ་ཞིག་མིན་ལ། དུས་རྒྱུན་ཞི་དུལ་བབས་ཆགས་ཀྱི་སྤྱོད་ལམ་འབའ་ཞིག་ལས་མཚན་སྙན་ལ་བརྩོན་པ་མཛད་མཁན་ཞིག་གཏན་ནས་མིན་པའང་ཚང་མས་ཤེས་གསལ་རེད། འོན་ཀྱང་༧གོང་ས་མཆོག་ལ་མཚན་སྙན་དགོས་པ་དེ་བོད་མི་རིགས་ཀྱི་ཆེད་དུ་ཡིན་ལ། བོད་མི་ཡོངས་རྫོགས་ཀྱི་བསམ་བློ་དང་རེ་བའི་ཕུགས་དམིགས་གཏོད་ས་མགོན་པོ་གང་ཉིད་ཁོ་ནར་གྱུར་ཡོད་པས་ཁོང་གི་མཚན་སྙན་ལ་དོ་ཕོག་ཅུང་ཟད་ཀྱང་འགྲོ་མི་རུང་།

དེར་བརྟེན་བོད་མི་ཡོངས་རྫོགས་ཀྱིས་༧གོང་ས་མཆོག་ལ་གུས་བཀུར་དང་། ཁོང་གི་གལ་ཆེའི་ལམ་སྟོན་བཀའ་སློབ་ཁག་ཉམས་ལེན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ༧གོང་ས་མཆོག་གིས་མི་ལོ་དྲུག་ཅུ་ལ་ཉེ་བའི་རིང་རྒྱལ་སྤྱིའི་ནང་ཕྱག་གཉིས་ཐལ་མོ་སྦྱར་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་བར་མ་ཆད་དུ་ཞུས་པ་དེ་ཡང་། བོད་མི་རིགས་ཀྱི་ཆེད་དུ་ཡིན་པ་ལས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱི་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་གཏན་ནས་མིན། ༧གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པ་ཙམ་མིན་པར། གོང་དུ་བརྗོད་པ་ཞིག་སྐུ་ཚེ་གང་ལ་བོད་རིགས་ཀྱི་ཆེད་དུ་སྐུ་ངལ་བརྒྱ་ཕྲག་མང་པོ་ལྷུར་བཞེས་མཛད་ཡོད་པ་འདི་ཁོ་ནའི་ཐོག་ནས་བཤད་ཀྱང་། ཆོས་ལ་དད་པ་ཡོད་མེད་དང་། བླ་མ་ལ་བརྩི་བཀུར་དང་དད་པ་དམ་ཚིག་གཙང་མིན་གྱི་གནད་དོན་ཞིག་མིན་ལ། བོད་མི་རིགས་དང་བོད་རྒྱལ་ཁབ་ལ་ལ་རྒྱ་དང་ཤ་ཞེན་ཡོད་མཁན་ཞིག་ཡིན་ན་༧གོང་ས་མཆོག་ལ་བརྩི་བཀུར་ཞུ་དགོས་པ་དེ་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་གྱུར་ཡོད།

ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ནང་༧གོང་ས་མཆོག་ལ་སྐུར་འདེབས་བྱེད་མཁན་རེ་ཟུང་ཡོང་གི་ཡོད་པ་ནི། གོང་དུ་བརྗོད་པ་བཞིན་ཕྱོགས་གང་ཐད་ནས་བསམ་ཡང་བློ་ཕམ་གྱི་རང་བཞིན་དང་། ཧ་ཅང་མི་འོས་པ་ཞིག་ཡིན་ནའང་། བོད་པའི་སྤྱི་ཚོགས་ནས་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཟུར་འཕུད་གཏོང་རྒྱུའི་ཐག་གཅོད་དང་གྲོས་ཆོད་འཇོག་པ་སོགས་དང་། ད་ནས་བཟུང་འབྲེལ་བ་བྱེད་རྒྱུ་མིན་པའི་ཁྱབ་བསྒྲགས་བྱེད་མཁན་ཡང་ཡོང་གི་ཡོད་པ་དག་ལ་བསམ་བློ་གཏིང་ཟབ་མོ་ཞིག་གཏོང་དགོས་པ་ཧ་ཅང་གལ་ཆེ། ཕྱི་ལོ་༢༠༠༨ ལོར་དོལ་རྒྱལ་བསྟེན་མཁན་རྣམས་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་གཅོད་རྒྱུའི་ཐག་གཅོད་བྱུང་བ་ནས་བཟུང་། ཟ་ཁང་དང་ཚོང་ཁང་། སྨན་ཁང་སོགས་སུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་རྣམས་ཡོང་མི་ཆོག་པ་དང་། ཤི་བོའི་བསྔོ་རྟེན་དང་། གསོན་པོའི་སྐྱབས་འཇུག་གང་ཡང་ལེན་མི་ཆོག་པའི་ལམ་ལུགས་འདི་དག་ལག་བསྟར་བྱས་ནས་ལོ་བཅུ་ལ་ཉེ་བའི་རིང་གི་གནས་བབས་ལ་ཕྱི་མིག་ཅིག་བལྟས་ན་གསལ་པོར་གྱུར་ཡོད།

དེ་ཡང་དང་པོ་དགོན་སྡེ་དང་རབ་བྱུང་བའི་སྤྱི་ཚོགས་ཁོ་ནའི་ནང་དམ་པའི་ཆོས་འདུལ་བ་དང་མཐུན་པའི་ཁྲིམས་སྲོལ་ཕྱག་བསྟར་གནང་བ་ཞིག་ཡིན་ཡང་། རིམ་པས་མི་སྐྱ་ཕོ་མོ་སོགས་སྤྱི་ཚོགས་ཀྱི་གྲུ་ཟུར་ཡོངས་སུ་བྱེད་སྟངས་འདི་ཉིད་ལག་བསྟར་བྱས་ཡོང་བའི་སྐབས་སུ་བོད་པ་ཙམ་ལས། གཞན་པའི་སྤྱི་ཚོགས་སུ་བྱེད་སྟངས་དེ་ལ་ཕྱོགས་གང་ཐད་ནས་བསམ་ཤེས་བྱེད་ཐུབ་པ་ཞིག་མིན་ལ། ལྷག་པར་དུ་དེ་ལ་བརྟེན་ནས་དོལ་རྒྱལ་ཁ་ཁྱེར་བ་རྣམས་ལ་ལག་ཆ་གསར་པ་ཞིག་ཏུ་གྱུར་ཡོད། ལས་འགུལ་འདི་རིགས་ལ་མི་མང་འུར་ལངས་རྒྱུ་མེད་པར་བབས་བརླིང་བརྟན་གསུམ་དགོས་པ་དེ་ཧ་ཅང་གལ་ཆེ། ལྷག་པར་དུ་དོལ་རྒྱལ་བསྟེན་མཁན་མ་ཡིན་པར་༧གོང་ས་མཆོག་ལ་སྐུར་འདེབས་བྱེད་མཁན་དག་ལ་དད་པ་དང་གུས་བཀུར་ཡོད་མེད་ཐག་བཅད་ནས་བཤད་དཀའ་ཡང་། བོད་མི་རིགས་དང་རྒྱལ་ཁབ་ལ་ལར་ཞེན་ཡོད་མཁན་ཞིག་ཡིན་ན་སྔ་དྲོ་མ་ཤེས་འཁྲུལ་པའི་དབང་དུ་སོང་ཡང་། ཕྱི་དྲོ་རིགས་པ་གཏན་ལ་ཕབ་ནས་བཤགས་པ་བྱ་རྒྱུའི་བསམ་བློ་དང་གོ་སྐབས་གཉིས་ཀ་ཡོད་དགོས་ངེས་རེད།

༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་མཁན་རྣམས་སྤྱི་ཚོགས་ནས་ཟུར་འཕུད་བྱེད་རྒྱུའི་ཐག་གཅོད་བྱེད་མཁན་རྣམས་ཀྱི་ཀུན་སློང་ལ་སྐྱོན་མེད་སྲིད་ཀྱང་། གནད་དོན་འདི་ལྟ་བུ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་ཆ་ནས་༧གོང་ས་མཆོག་ལ་སྐུར་འདེབས་ཀྱི་གཞི་རུ་འགྲོ་ངེས་ཡིན་པས། ༧གོང་ས་མཆོག་གི་མཚན་སྙན་སྲུང་སྐྱོབ་བྱེད་པར་བྱེད་སྟངས་ངེས་པར་དུ་ཤེས་དགོས། ལྷག་པར་དུ་སྲིད་སྐྱོང་བློ་བཟང་སེང་གེས་“སྲིད་སྐྱོང་ལ་རྒྱབ་སྐྱོར་ཡོད་མདོག་གིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་ན་འགྲིག་གི་མ་རེད་ལ། སྲིད་སྐྱོང་ལ་ངོ་རྒོལ་ཡོད་མདོག་གིས་༧གོང་ས་མཆོག་ལ་མཛད་དཀའ་བཟོས་ན་འགྲིག་གི་མ་རེད། ༧གོང་ས་མཆོག་ཁ་ལ་ཁུར་ནས་༧གོང་ས་མཆོག་ལ་མཛད་དཀའ་བཟོས་ན་འགྲིག་གི་མ་རེད། ཚང་མ་མཚམས་འཇོག་གྱིས་”ཞེས་ཚིག་ཐག་ཆོད་པོས་གྲོས་ཚོགས་ནང་བསྒྲགས་པ་བཞིན། གནད་དོན་འདི་དག་གཞི་རྩར་བཞག་པའི་ཐོག་ནས་བོད་མི་རིགས་ཀྱི་བདེ་སྡུག་དང་འབྲེལ་བའི་ཆེད་དུ་༧གོང་ས་མཆོག་གི་མཚན་སྙན་སྲུང་སྐྱོབ་བྱ་རྒྱུའི་འགན་ཁུར་བོད་མི་ཚང་མར་གཅིག་མཚུངས་སུ་ཡོད།།