ལྷ་སའི་སྐྱིད་ཆུ་ལ་ཆུ་རགས་བརྒྱབས་ཏེ་མཚོ་བཟོ་འཆར།

རྒྱ་གཞུང་གིས་ལྷ་སའི་སྐྱིད་ཆུ་ལ་ཆུ་རགས་བརྒྱབས་ནས་ཡུལ་སྐོར་སྤྲོ་འཆམ་ཆེད། རང་བྱུང་མ་ཡིན་པའི་མཚོ་བཟོ་བཞིན་ཡོད་འདུག

12696007_1107896465900888_143555658_nདེ་ཡང་ཟླ་འདིའི་ཚེས་༡༥ ཉིན་ཨ་རིའི་རླུང་འཕྲིན་དབྱིན་ཡིག་དྲ་རྒྱའི་སྟེང་དུ་གནས་ཚུལ་བཀོད་པ་ལྟར་ན། རྒྱ་གཞུང་གིས་ཕྱི་ལོ་༢༠༡༣ ནས་རྒྱ་ནག་གི་ལྷ་ས་སྐྱིད་ཆུའི་ལས་འཆར་ཞེས་པ་འགོ་འཛུགས་བྱས་ཏེ། བར་ཐག་ཀི་ལོ་མི་ཊར་༢༠ ནང་ཆུ་རགས་༦ བརྒྱབས་སྟེ། རང་བྱུང་མ་ཡིན་པའི་མཚོ་བཟོས་ནས། ཡུལ་སྐོར་སྤྲོ་འཆམ་གོང་འཕེལ་དང་ཆུའི་རང་བཞིན་གཙང་དུ་འགྲོ་བ། བྱེ་མའི་རླུང་འཚུབ་བཀག་པ་དང་སྔོ་ལྗང་ལྡན་པའི་ཁོར་ཡུག་བསྐྲུན་ཆེད་ཀྱི་དམིགས་ཡུལ་ཡོད་པ་འགྲེལ་བརྗོད་བྱས་ཡོད་འདུག

རྒྱ་ནག་གི་ས་གཤིས་རིག་པའི་ལྷན་ཚོགས་ཀྱི་ཚོགས་མི་སློབ་དཔོན་ཧྥན་ཤའོ་ཡིས་ཆུ་རགས་ཀྱིས་ཆུའི་རྒྱུག་ཚད་དལ་དུ་གཏོང་བ་དང་གཙང་ཆུའི་རང་བཞིན་ཡང་འབགས་བཙོག་བཟོ་ཡི་ཡོད་པ། དེ་བཞིན་བོད་ལ་ཡུལ་སྐོར་སྤྲོ་འཆམ་པ་རྣམས། བོད་ཀྱི་རིག་གཞུང་དང་རང་བྱུང་ཁོར་ཡུག་ལ་ལྟ་སྐོར་ཆེད་དུ་ཡོང་གི་ཡོད་པས། རང་བྱུང་མ་ཡིན་པའི་མཚོ་དགོས་དོན་མེད་པ་མ་ཟད། དེས་རང་བྱུང་ཁོར་ཡུག་ལ་གནོད་པ་དང་ཆུའི་མཐོ་ཚད་ཆེ་རུ་སོང་ནས། ཉེ་འཁོར་གྱི་ཞིང་ཁར་ཆུ་ལོག་ཡོང་སྲིད་སྐོར་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གཞུང་གིས་བོད་ནང་གི་ཆུ་བོ་རྣམས་ལ་རགས་བརྒྱབ་པ་ལ་བརྟེན་ནས། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལ་སོགས་པས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་རེད། དེ་ཡང་རྒྱ་ནག་གི་བོད་ནས་ཨེ་ཤེ་ཡའི་ལུང་པ་གཞན་ལ་རྒྱུག་པའི་ཆུ་བོ་རྣམས་རྒྱ་ནག་ནང་དུ་ཁ་བསྒྱུར་བྱེད་འཆར་ཡོད་པ་དང་མ་འོངས་པར་དེ་ལ་བརྟེན་ནས་ཉེ་འཁོར་གྱི་རྒྱལ་ཁབ་ཁག་ལ་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་གནོན་ཤུགས་སྤྲྲོད་པའི་ལག་ཆ་བྱེད་སྲིད་པར་དོགས་པ་དང་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།