ཆེད་བརྗོད།
ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་དེ་མི་གཅིག་དབང་འཛིན་གྱི་དུས་སྐབས་ཤིག་ཏུ་གྱུར་ཡོད་པ་དང་། དེ་ཡང་རང་བཞིན་གྱིས་བྱུང་བ་ཞིག་མིན་པར་ཆེད་དུ་འཆར་གཞི་བསྒྲིགས་པ་ཞིག་རེད། སྤྱིར་ལོ་རྒྱུས་ནང་བཀའ་བློན་ཁྲི་པ་འོས་འདེམས་བྱུང་ནས་ཟླ་ཤས་ལ་བཀའ་བློན་ཁྲི་པ་མ་གཏོགས་བཀའ་བློན་གཞན་དག་མེད་པའི་དུས་སྐབས་བྱུང་མྱོང་ཡང་། སྲིད་སྐྱོང་ཙམ་ལས་བཀའ་བློན་དང་། ཁྲིམས་ཞིབ་པ། སྤྱི་འཐུས་ལྷན་ཚོགས་བཅས་གཏན་ནས་མེད་པའི་དུས་ཚོད་ཅིག་ད་བར་བྱུང་མྱོང་མེད། ཁྲིམས་ཞིབ་ཁང་ནི་འཕོ་འགྱུར་ཟིན་པའི་ཁྲིམས་ཞིབ་པ་ཟུར་པ་གསུམ་གྱིས་བཟུང་ཡོད་ཀྱང་། ཁོང་རྣམ་པ་ནི་སྲིད་སྐྱོང་གི་མཛུབ་མོས་གར་བསྟན་ཤར་ཡིན་པ་ལས། རང་མོས་ཀྱི་ཐོག་ནས་ཐག་གཅོད་བྱེད་པའི་ཁོར་ཡུག་ཅིག་གཏན་ནས་མེད། ཉེ་ཆར་སྲིད་སྐྱོང་གིས་དམ་འབུལ་ཙམ་པོ་བ་ཞིག་བྱས་པའི་ཉིན་ཤས་རྗེས་ཁྲིམས་ཞིབ་ཁང་དུ་ཕེབས་ནས་ཛ་དྲག་གི་རོགས་རམ་ག་རེ་དགོས་ཀྱང་བྱེད་འཆར་ཡོད་ཅེས་བརྗོད་སྐབས། ཁྲིམས་ཞིབ་པ་ཟུར་པ་རྣམ་པས་ལག་གཉིས་ཐལ་མོ་བྲང་ལ་སྦྱར་སྟངས་དང་དེའི་རྣམ་འགྱུར་གཅིག་པུའི་ཐོག་ནས་གསལ་པོ་ཤེས་ཐུབ།
ད་ལྟའི་དུས་འདིར་སྲིད་སྐྱོང་གི་ངོས་ནས་ལས་བྱེད་གནས་སྤོ་དང་། འཆར་གཞི་གསར་པ་མང་དག་ཅིག་མི་གཅིག་གི་ཐོག་ནས་ལག་བསྟར་ཚ་ཚ་འུར་འུར་གྱིས་བྱེད་བཞིན་འདུག་ལ། གཙོ་བོ་བོད་རྒྱ་ཞི་མོལ་གྲ་སྒྲིག་ལས་དོན་ཚོགས་ཆུང་དེ་སྒོ་བརྒྱབ་ནས་གསར་པ་ཞིག་འཛུགས་རྒྱུ་ཡིན་ཚུལ་དང་། མི་ལོ་དུ་མའི་རིང་གི་གསང་བའི་ཡིག་ཆ་རྣམས་ཕྱི་བསྒྲགས་བྱ་རྒྱུ། ལྷོ་ཨ་ཧྥི་རི་ཀའི་དོན་གཅོད་ཁང་སྒོ་རྒྱག་རྒྱུ་ཡིན་ཞེས་སྔ་རྗེས་བསྒྲགས་འདུག་པ་དང་། ཐའེ་ཝན་དོན་གཅོད་ཁང་ཡང་ཕན་ཐོགས་མེད་པས་སྒོ་རྒྱག་རྒྱུའི་བསམ་ཚུལ་གླེང་འདུག ཕྱི་ལོ་༢༠༡༩ ལོར་བཙན་བྱོལ་བོད་མིའི་མི་འབོར་ཞིབ་འཇུག་བྱས་ཟིན་ནའང་། བསྐྱར་དུ་དུས་ཐུང་ནང་མི་འབོར་ཞིབ་འཇུག་བྱེད་འགོ་བཙུགས་ཟིན་ལ། སྔོན་མ་ལས་འབོར་ཉམས་ཞིབ་ཚོགས་ཆུང་གི་ལས་གཞི་རྒྱ་ཆེན་པོ་ཡིན་ཞིང་། ཉུང་མཐར་དུས་ཡུན་ཟླ་གཉིས་ཙམ་དགོས་ཀྱང་། ད་ལོ་ཁོང་གི་འབྲེལ་ཡོད་ལས་བྱེད་དམིགས་བསལ་ཆེད་ལས་ཉམས་མྱོང་གང་ཡང་མེད་པ་གསུམ་ལ་དུས་ཡུན་བདུན་ཕྲག་གཉིས་ཙམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་འབོར་ཞིབ་འཇུག་གི་སྙན་ཐོ་འདོན་དགོས་པའི་བཀའ་བཏང་འདུག
དཔལ་འབྱོར་ལས་ཁུངས་ཀྱི་རོགས་ཚོགས་སོགས་ལས་གཞི་མང་ཤོས་ཡིན་པ་ཕྱི་ལོ་༡༩༩༧ ལོར་བཙུགས་པའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཡང་བཀའ་དྲུང་ཡིག་ཚང་དུ་སྤོས་ནས་སྲིད་སྐྱོང་གི་ཐད་ཀའི་སྟངས་འཛིན་འོག་བཅུག་འདུག གང་ལྟར་གོང་གསལ་ལྟ་བུའི་ལས་དོན་ཁག་ལ་འགྱུར་བ་གཏོང་རྒྱུའི་སྐུ་དབང་སྲིད་སྐྱོང་དང་བཀའ་ཤག་ལ་ཡོད་ཀྱང་། བཀའ་ཤག་དེ་མཉམ་འདུས་ཀྱི་འགན་ཡིན་པ་ལས། མི་གཅིག་དབང་འཛིན་བྱེད་ཆོག་པ་ཞིག་ཁྲིམས་སྒྲིག་གང་དུའང་མེད། ད་དུང་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་༧ པའི་ནང་གསེས་༥ པ་བཞིན། “ལས་ཉིན་བཅུའི་ནང་ལན་གསལ་མ་བྱུང་ཚེ་ཆོག་མཆན་ཐོབ་པར་ཆ་འཛིན་བྱ་འཐུས།” ཞེས་འཁོད་པ་བཞིན་བར་བརྒལ་བཀའ་འཁྲོལ་ཚོགས་དྲུང་ལས་ཁུངས་སུ་ཞུ་རྐྱང་བྱ་རྒྱུ་ཡིན་ཚུལ་ཡང་བརྗོད་འདུག གོང་གསལ་དོན་ཚན་འདི་ཉིད་སྤྱི་འཐུས་རྒྱུན་ལས་ཡོད་པའི་སྐབས་རང་ལས་གོ་བ་གཞན་མེད་ཀྱང་། འདི་ཡང་ཁྲིམས་སྒྲིག་གི་གོ་དོན་ལོག་བསྒྱུར་གྱི་འཆར་གཞི་ཞིག་ཏུ་གྱུར་ཡོད།
སྲིད་སྐྱོང་དང་ཕ་ཡུལ་གཅིག་པ་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་བཀའ་ཤག་ཏུ་ཆབ་སྲིད་དྲུང་ཆེའི་ས་མིག་ཆེད་བཟོས་ཀྱིས་ཁོང་གི་འགྲམ་དུ་ཉར་ཡོད་པ་དང་། ད་དུང་འཕགས་བོད་འབྲེལ་མཐུད་ཀྱི་འགན་འཛིན་ཁ་མཆུ་ཨང་༢༠ པའི་དཔང་མི་བྱེད་མཁན་དེ་ཡང་ཁོ་རང་གི་འདོད་མོས་བཞིན་ལྷོ་སྤྱིའམ། བཀའ་དྲུང་ཡིག་ཚང་གང་རུང་ཞིག་ཏུ་གནས་སྤོ་བྱ་རྒྱུ་ཡིན་ཚུལ་དང་། ཁེ་ན་ཌར་དོན་གཅོད་ཁང་ཞིག་གསར་འཛུགས་ཀྱིས་སྲིད་སྐྱོང་གི་འབྲེལ་ཡོད་ནང་མ་བཀའ་ཟུར་ཞིག་དོན་གཅོད་དུ་བསྐོ་གཞག་བྱ་རྒྱུ་སོགས་ཀྱི་འཆར་གཞི་ཡོད་ཚུལ་ཡང་གངས་སྐྱིད་ཁུལ་དུ་གླེང་བཞིན་འདུག གོང་དུ་བརྗོད་པའི་ལས་འབོར་ཉམས་ཞིབ་དེ་ཡང་དུས་ཐུང་ནང་དོན་དངོས་ཀྱི་གྲུབ་འབྲས་ཐོན་ཐུབ་པ་ཞིག་མིན་ནའང་། ཁོང་གི་སྣང་བར་མི་འགྲོ་བའི་གཏན་འཇགས་ལས་བྱེད་མང་དག་ཅིག་གནས་སྤོ་དང་། གཏན་འཇགས་མིན་པ་མང་དག་ཅིག་གི་ས་མིག་ཕྱིར་བསྡུ་བྱ་འཆར་ཡིན་པའི་ཚོད་དཔག་བྱེད་མཁན་གནད་ཡོད་མི་སྣའི་ནང་འདུག་ཅིང་། མདོར་ན་ད་ལྟ་མི་གཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ག་རེ་ཡིན་ཡང་ཐག་གཅོད་བྱེད་ཆོག་ཆོག་ཅིག་ཏུ་བསྒྱུར་འདུག
མདོར་ན་སྲིད་སྐྱོང་གི་རྒྱབ་སྐྱོར་བ་དང་འབྲེལ་བ་ཆེས་ཟབ་པའི་སྤྱི་འཐུས་རྣམ་པས་སྐབས་བཅུ་དྲུག་པའི་ཚོགས་འདུ་འཕར་མ་ཚོགས་མ་བཅུག་པ་དང་། སྐབས་བཅུ་བདུན་པར་སྤྱི་འཐུས་ལྷན་ཚོགས་སླར་གསོ་བྱ་རྒྱུར་ཆེད་དུ་འགལ་རྐྱེན་སྤྲད་པ་འདི་ཡང་། ཕྱོགས་གཅིག་ནས་བལྟས་ན་སྤྱི་འཐུས་ལྷན་ཚོགས་ཡོད་ན་བཀའ་བློན་འདེམས་དགོས་པ་དང་། བཀའ་བློན་བདམས་ཟིན་དུས་བཀའ་བློན་རྣམས་བསམ་ཚུལ་གཅིག་པ་ཡོང་མི་སྲིད་པ་སོགས་ཀྱིས། སྲིད་སྐྱོང་གིས་དུས་ཐུང་ནང་བྱེད་དགོས་པའི་ཁ་ཚ་དགོས་གཏུག་གི་འཆར་གཞི་ལ་བསམ་ཚུལ་བརྗོད་མཁན་གཞན་མེད་པ་དང་། སྤྱི་འཐུས་ལྷན་ཚོགས་ནས་དྲི་བ་གཏོང་མཁན་མེད་པ་ཞིག་ཏུ་བསྒྱུར་ཆེད་ཡིན་པ་ལྟ་བུ་དང་། དོན་དངོས་སུ་ད་ལྟའི་དུས་ཚོད་འདིར་བོད་མིའི་སྒྲིག་འཛུགས་འདི་ཉིད་མི་གཅིག་དབང་འཛིན་གྱི་དུས་སྐབས་ཤིག་ཏུ་སླེབས་ཡོད་པ་ཙམ་དུ་མ་ཟད། ཅིག་བྱས་ན་ཐོག་མའི་གྲ་སྒྲིག་འདི་ལ་བརྟེན་ནས་རྒྱ་གཞུང་གི་དགོས་འདུན་བཞིན། འཆར་འགོད་ཀྱི་རིམ་པ་འདི་ལྟ་བུའི་ཐོག་ནས་བོད་མིའི་སྒྲིག་འཛུགས་སྒོ་རྒྱག་རྒྱུའི་དམིགས་ཡུལ་ཞིག་ཀྱང་ཡོད་མི་སྲིད་པ་རེད་མི་འདུག་སྙམ།།