མི་ཉག་གི་རྒྱུན་སྲོལ་རི་བསང་བཀག་འགོག་བྱས་འདུག

ད་ལོ་མདོ་ཁམས་མི་ཉག་ནགས་ཕྲན་སྡེ་བའི་རི་བསང་དང་༸གོང་ས་སྐྱབས་མགོན་རིན་པོ་ཆེའི་འཁྲུངས་སྐར་གཉིས་ཉིན་གཅིག་ཏུ་ཁེལ་ཡོད་པར་བརྟེན། ནགས་ཕྲན་པའི་རི་བསང་རྟ་རྒྱུགས་རྒྱ་ནག་སྲིད་གཞུང་གིས་བཀག་འགོག་བྱས་ཡོད་འདུག

གེ་སར་ཐང་དང་ཉེ་སའི་རི་མགོར་བསང་གཏོང་སྐབས།

དེ་ཡང་ཁུངས་ལྡན་གནས་ཚུལ་བྱུང་གསལ་ལྟར་ན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་ཀྱི་རྟའུ་རྫོང་ལུང་བསྟན་ཡུལ་ཚོ། ནགས་ཕྲན་སྡེ་བས་ལོ་ལྟར་བོད་ཟླ་ལྔ་པའི་ཚེས་༡༣ ལ་རི་བསང་རྟ་རྒྱུགས་ཀྱི་དུས་སྟོན་ཆེན་པོ་ཞིག་བྱེད་སྲོལ་ཡོད་པ་དང་། ད་ལོ་ཕྱི་ཟླ་༧ ཚེས་༦ ཕྱི་ལུགས་ལྟར་༧གོང་ས་མཆོག་གི་འཁྲུངས་སྐར་ལ་ཁེལ་ཡོད་འདུག

རི་བསང་དེ་ནི་ནགས་ཕྲན་སྡེ་བའི་མང་ཚོགས་ཀྱི་ངོས་ནས་བཤད་ན་མང་ཚོགས་རང་བཞིན་གྱི་སྲོལ་རྒྱུན་རིག་གནས་ཀྱི་གོམས་གཤིས་གལ་ཆེན་ཞིག་ཏུ་བརྩི་བས། སྔར་རྒྱ་ནག་གིས་བོད་ལ་རིག་གནས་གསར་བརྗེའི་ཆེན་མོའི་ལས་འགུལ་སྤེལ་སྐབས་སུ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་ཆད་མ་མྱོང་བར་སྲུང་བརྩི་བྱས་ཡོད་འདུག

ངག་རྒྱུན་ལོ་རྒྱུས་ལྟར་ན་རི་བསང་དེ་སྔོན་མ་ཞིག་ནས་ཡོད་པ་ཙམ་དུ་མ་ཟད། རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མདོ་ཁམས་མི་ཉག་ཡུལ་དུ་བྱོན་སྐབས་སྔར་ནས་ཡོད་པའི་ཡུལ་མིའི་རི་བསང་དར་རྒྱས་སུ་བཏང་སྟེ། ཡུལ་མིའི་ཚེ་འདི་ཕྱི་གཉིས་ཀྱི་ཆོས་སྲིད་ཀྱི་སྲུང་མ་གླེང་རྗེ་གེ་སར་སྐྱེས་བུ་གསོལ་མཆོད་ཀྱི་སྲོལ་བཏོད། གེ་སྐེས་ཐང་༼དེང་སྐབས་གེ་སར་རྩ་ཐང་ཟེར་མཁན་ཡང་ཡོད།༽ དུ་གེ་སར་ལབ་རྩེ་བཙུགས་པ་སོགས་བྱས་ཏེ་མི་ལོ་༡༠༠ ཅིག་ཕྱིན་འདུག

ད་ལོ་རི་བསང་དེ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་མཉམ་དུ་ཁེལ་ཡོད་པར་བརྟེན། རྫོང་སྲིད་གཞུང་དང་ཡུལ་ཚོའི་ལས་བྱེད་པ་དག་གིས་སྲིད་གཞུང་གི་བཀའ་ལྟར་རི་བསང་དེ་བོད་ཚེས་༡༣ ཉིན་སྲུང་བརྩི་བྱེད་མི་ཆོག་པར་ཉིན་གཅིག་གཉིས་ཕྱིར་འཐེན་བྱེད་དགོས་པར་བཤད་འདུག

ཡིན་ནའང་ཡུལ་མི་རྣམས་ཀྱིས་རི་བསང་དེ་ས་གནས་མང་ཚོགས་ཀྱི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པ་དང་། ལོ་ལྟར་བོད་ཀྱི་ཟླ་ཚེས་ལྟར་དེ་ག་རང་ལ་རི་བསང་བྱེད་ཀྱི་ཡོད་པ་ལས་ཕྱི་ལོ་དང་རྒྱ་ལོ་སོགས་གང་ལ་ཡང་ཆག་འཇོག་བྱེད་སྲོལ་མེད་ལ། ཟླ་ཚེས་དེ་ལས་ཡོལ་བའི་ཉི་མ་གང་ཞིག་ལ་བསང་གཏོང་བ་དང་རྟ་རྒྱུགས་པ་བྱས་ན་དེ་ལ་རི་བསང་འདིའི་ནང་དོན་མི་ལྡན་པའི་འདུ་ཤེས་གཏིང་ཟམ་པོ་ཞིག་ཡོད་པར་བརྟེན། དུས་ཚོད་དེ་ཆབ་སྲིད་དང་འབྲེལ་བ་མེད་པས་ཡིན་གཅིག་མིན་གཉིས་རི་བསང་དུས་ལྟར་བྱེད་དགོས་པའི་གླེང་སློང་བྱུང་།

དགོན་པའི་དགོན་བདག་ཡང་ཆེད་དུ་རྫོང་སྲིད་གཞུང་ལ་ཡར་ཞུ་བྱེད་དུ་བྱོན་ཡོད་ན་ཡང་། གང་ལྟར་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ལས་དོན་ངེས་པར་དུ་དོན་འཁྱོལ་བྱེད་དགོས་པ་དང་། གལ་ཏེ་དེ་ལྟར་མ་བྱུང་ན་ཡུལ་མི་མང་པོར་ཉེས་ཆད་ཕོག་རྒྱུ་ཡིན་པ་མ་ཟད། སྡེ་བའི་མི་སེར་ལ་རྒྱལ་ཁབ་ཀྱི་གཟིགས་རྟོགས་སྐྱོབ་གསོ་གང་ཡོད་པ་དེ་ཚོ་གཅོད་རྒྱུ་ཡིན་པ། སྡེ་བའི་རི་གཙོ་དེ་ཚོ་ལ་ཡང་དེ་བཞིན་གྱི་ཉེན་ཁ་ཡོད་པ་སོགས་ཀྱི་འཇིགས་སྐུལ་བྱས་ཡོད་འདུག

གེ་སར་ཐང་གི་རྣམ་པ།

ཕྱི་ཟླ་༧ པའི་ཚེས་༦ དང་བོད་ཟླ་༥ པའི་ཚེས་༡༣ ཉིན་གེ་སྐེས་ཐང་གི་གེ་སར་ལབ་རྩེ་ཡང་དམག་དང་ཉེན་རྟོག་པ་སོགས་ཀྱིས་བསྐོར་ནས་དྲག་པོའི་གཡུལ་ས་ལྟ་བུར་བསྒྱུར་སོང་ཞེས་གནས་ཚུལ་མཁོ་སྤྲོད་པས་བཤད་སོང་།
ཡུལ་མི་རེ་ཟུང་གིས་གེ་སྐེས་ཐང་དང་ཁ་ཐག་མི་རིང་བའི་ཉེ་འགྲམ་ནས་ཡུལ་མིའི་ལུགས་སྲོལ་ལྟར་རྟ་བསང་རྟ་ཁྲུས་བྱས་པ་དམག་གིས་མཐོང་ནས་དྲག་ཆས་སྤྲས་པའི་དམག་མི་དང་ཉེན་རྟོག་པ་སླེབས་ཏེ་འཇིགས་སྐུལ་དང་དཀའ་ངལ་བཟོས་ཡོད་པའི་གནས་ཚུལ་ཡང་བྱུང་འདུག

གནས་སྟངས་དེ་ལྟ་བུའི་འོག་ད་ལོའི་ནགས་ཕྲན་སྡེ་བའི་ལུགས་སྲོལ་རིག་གནས་རི་བསང་རྟ་རྒྱུགས་སྲིད་གཞུང་གིས་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་ཁ་གཡར་ནས་འཇིགས་སྐུལ་འོག་བཙན་པོར་བཀག་ཡོད་ནའང་། མི་སེར་ཚོས་སྔར་རིག་གནས་གསར་བརྗེའི་སྐབས་ཀྱི་བྱེད་ལུགས་ལྟར། གེ་སྐེས་ཐང་གི་གེ་སར་ལབ་རྩེ་མཐོང་སའི་རི་མགོ་གཞན་དག་ནས་རི་བསང་བཏང་དེ་རྟེན་འབྲེལ་བྱས་ཡོད་འདུག་པ་དང་། གཞུང་གི་ལས་སྒྲུབ་རུ་ཁག་གི་དམག་མི་དང་ཉེན་རྟོག་ཚོས་བསང་བཏང་བའི་རི་མགོ་དེ་དག་ལ་སླེབས་ནས་མེ་བསད་དེ་བསང་བཏོར་བའི་གནས་ཚུལ་བྱུང་འདུག དེ་ཙམ་དུ་མ་ཚད། སྐུའི་འཁྲུངས་སྐར་གྱི་སྔར་ཉིན་ནས་རྟའུ་རྫོང་ཐོག་ནས་སྐྱེ་སྐར་སྤྲི་གོར་གཅིག་ཀྱང་བཙོང་ཆོག་གི་མི་འདུག་ཅེས་གནས་ཚུལ་མཁོ་སྤྲོད་པས་བརྗོད་སོང་།

མི་ཉག་ནགས་ཕྲན་སྡེ་བ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྟའུ་རྫོང་། ལུང་བསྟན་ཡུལ་ཚོའམ་ལུང་ཏེན་ཤང་ཟེར་བ་དེ་ཡིན་པ་དང་། ས་གནས་དེར་གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་གྱི་རྗེས་ཤུལ་མང་པོ་ཡོད་པ་རེད། བཤད་སྲོལ་ལ་གླིང་དང་མི་ནུབ་དམག་འཁྲུགས་སྐབས་གླིང་གི་དམག་སྒར་ནགས་ཕྲན་གེ་སྐེས་ཐང་ནས་བརྒྱབ་པར་ངོས་འཛིན་བྱེད་ལ། ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ཁོང་གླིང་གི་སྐབས་སུ་འདན་སྲས་གཡུ་འོད་འབུམ་མེའི་སྐུ་སྐྱེས་བཞེས་པ་དང་། འདན་སྲས་མཆོག་མི་ནུབ་དར་རྫོང་སྐབས་བཀྲོངས་བ་དང་ཁོང་སྐུ་བཀྲོངས་ས་ཡང་ནགས་ཕྲན་རྨུ་རྗེ་ཉག་ག་ཡིན་པའི་ངོས་འཛིན་ཡང་གནང་མྱོང་བ་རེད་འདུག །
གསར་འགོད་པ་ནགས་ཕྲན་པ་བསོད་ཚེ་རིང་།