མི་མང་གི་རེ་འདོད་གཞི་རྩར་འཛིན་དགོས།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༨༠)
དེ་རིང་ནས་ཉིན་གསུམ་རྗེས་ཐའེ་ཝན་གྱི་འོས་བསྡུ་ཆེན་མོ་ཡིན་པ་དང་། ཐའེ་ཝན་གྱི་འོས་བསྡུའི་སྐོར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་དོ་སྣང་དང་གླེང་སློང་བྱེད་མཁན་མང་པོ་འདུག་ལ། ཐའེ་ཝན་སྲིད་འཛིན་འོས་མི་གསུམ་གྱི་ངོས་ནས་རང་རང་སོ་སོའི་ལངས་ཕྱོགས་དང་དམིགས་འདུན་བཅས་གཞི་རྩར་བཟུང་ནས་རྩོད་གླེང་ཤུགས་ཆེ་བྱེད་བཞིན་འདུག ཕྱི་ཚེས་༡༣ ཉིན་འོས་བསྡུ་ཆེན་མོ་བརྒྱུད་ཐའེ་ཝན་གྱི་ཁ་ཕྱོགས་རང་འཇགས་སམ། འགྱུར་བ་ག་འདྲ་ཞིག་དགོས་མིན་དེ་ཐའེ་ཝན་མི་མང་གིས་མང་གཙོའི་ལམ་ནས་ཐག་གཅོད་བྱ་རྒྱུ་རེད། ད་ཆ་རྒྱ་དམར་གཞུང་གིས་ཐའེ་ཝན་གྱི་འོས་བསྡུ་ལ་འཇིགས་སྣང་དང་སྡིགས་ར་སྐུལ་བཞིན་ཡོད་ཅིང་། ཨ་རིའི་སྲིད་གཞུང་གིས་ཐའེ་ཝན་གཞུང་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་སྟོན་བཞིན་ཡོད། རྒྱ་ནག་དང་ཨ་རི་གཉིས་ཀྱི་རྣམ་འགྱུར་ལ་མ་ལྟོས་པར་ཐའེ་ཝན་མི་མང་ནི་ཤེས་ཡོན་དང་དཔལ་འབྱོར་གང་ཐད་ནས་འཛམ་གླིང་རྒྱལ་ཁབ་ཀུན་གྱི་མདུན་གྲས་སུ་ཡོད་པས་མངོན་འདོད་གང་ཡོད་པ་བཞིན་རྒྱུ་མཚན་དང་ལྡན་པའི་ཐག་གཅོད་ཅིག་བྱེད་ངེས་རེད།
ཐའེ་ཝན་མི་མང་གི་མངོན་འདོད་དང་དགོས་མཁོ་གང་ཐད་ནས་མ་འོངས་པའི་ཁ་ཕྱོགས་འཚོལ་རྒྱུ་དེ་ཐའེ་ཝན་མི་མང་གི་འོས་འགན་ཡིན་པ་ལས། རྒྱ་དམར་གཞུང་དང་། ཨ་མི་རི་ཀ་གཉིས་ཀས་ཐའེ་ཝན་མི་མང་གི་མངོན་འདོད་དང་དགོས་མཁོ་ཐག་གཅོད་བྱ་རྒྱུའི་དབང་ཆ་གཏན་ནས་མེད། རྒྱ་དམར་གཞུང་གིས་ཐའེ་ཝན་ལ་བཙན་འཛུལ་གྱི་ལམ་ནས་ཐའེ་ཝན་དབང་བསྒྱུར་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། ཨ་རིའི་སྲིད་གཞུང་གིས་ཐའེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུའི་འགན་ཁུར་ཡོད་ཚུལ་ནན་བརྗོད་བྱེད་བཞིན་ཡོད། དོན་དམ་པར་རྒྱ་དམར་གཞུང་གིས་ཐའེ་ཝན་ཧམ་བཟུང་བྱེད་འཆར་དེ་རྒྱ་གཞུང་གི་ཆེད་དུ་ཡིན་པ་མ་ཟད། ཨ་རིའི་སྲིད་གཞུང་གིས་ཀྱང་ཐའེ་ཝན་ལ་སྲུང་སྐྱོབ་བྱས་ན་དེ་ཨ་རིའི་ཁེ་ཕན་ཆེན་པོ་ཞིག་དང་འབྲེལ་བ་ཡོད་པ་ལས། ལན་དང་རྣམ་སྨིན་གང་ལའང་རེ་བ་མེད་པའི་རྒྱབ་སྐྱོར་ཞིག་ཡིན་མི་སྲིད་པ་རེད། དཔེར་ན་སྔོན་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ནང་ཡོད་པའི་ཐའེ་ཝན་གྱི་ཞབས་སྟེགས་རྒྱ་ནག་ལ་སྤྲོད་མཁན་གཙོ་བོ་དེ་ཨ་རི་རེད།
ཨུ་རུ་སུ་མཉམ་འབྲེལ་ཁ་འཐོར་རྗེས་ཡུཀ་རེན་གྱི་རྡུལ་ཕྲན་མཚོན་ཆ་རྣམས་ར་ཤི་ཡར་དབོར་འདྲེན་བྱ་རྒྱུ་དང་། ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་དེ་ཨ་རི་དང་། ར་ཤི་ཡ་གཉིས་ཀྱིས་བྱ་རྒྱུའི་ཆིངས་ཡིག་བཞག་པ་ལྟར་ཡུག་རེན་གྱི་རྡུལ་ཕྲན་མཚོན་ཆ་ར་ཤི་ཡར་དབོར་འདྲེན་བྱས་པ་རེད། ད་ལྟ་ཡུག་རེན་ལ་ར་ཤི་ཡས་བཙན་འཛུལ་བྱས་པ་མ་ཟད། ཨ་རིས་ཀྱང་སྲུང་སྐྱོབ་བྱེད་ཀྱི་མེད་ལ། གོ་མཚོན་རོགས་སྐྱོར་ཡང་ཡིན་ལ་མིན་ལ་ཙམ་ལས་ཚད་དང་ལྡན་པ་ཞིག་བྱེད་ཀྱི་མེད། གལ་སྲིད་ཡུག་རེན་ལ་རྡུལ་ཕྲན་མཚོན་ཆ་ཡོད་ན་ར་ཤི་ཡས་བཙན་འཛུལ་བྱེད་མི་སྲིད་པ་ནི། བྱང་ཀོ་རི་ཡའི་གནས་སྟངས་ལ་བལྟས་ན་ཤེས་ཐུབ། སྟོབས་ཆེན་རྒྱལ་ཁབ་ཁག་གི་ཁེ་ཕན་འགྲན་རྩོད་ནང་རྒྱལ་ཁབ་ཆུང་ངུ་དག་བེད་སྤྱོད་བཏང་ན་མི་དགོས་ས་ནས་རང་ཉིད་ལ་གྱོང་རག་པ་དང་། དེ་བརྒྱུད་ནས་དགོས་ངེས་ཀྱི་ཁེ་ཕན་རག་རྒྱུ་ཁག་པོ་རེད། ད་ལན་ཐའེ་ཝན་སྲིད་འཛིན་ཡང་ཐའེ་ཝན་མི་མང་གི་མངོན་འདོད་འདེམས་རྒྱུ་ཉག་གཅིག་ལས། གཞན་དག་གིས་ཐེ་གཏོཌ་མང་པོ་བྱས་ཀྱང་ཕན་ཐོགས་མེད།
བོད་དོན་ཐག་གཅོད་ཀྱི་ཁ་ཕྱོགས་ཀྱང་གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་ལྟར་བྱེད་དགོས་པ་ལས། ཨ་རིའི་ལངས་ཕྱོགས་དང་། རྒྱ་གར་སོགས་ཀྱི་ཁེ་ཕན་གཞིར་བཞག་ནས་ཐག་གཅོད་བྱས་ན་དོན་དམ་པའི་ཁེ་ཕན་ཞིག་རག་ཐུབ་མིན་བཤད་དཀའ། སྐབས་རེ་བོད་རང་བཙན་གྱི་ལངས་ཕྱོགས་བཟུང་ན་རྒྱལ་སྤྱིའི་སྟེང་ནས་རྒྱལ་ཁབ་སུ་གཅིག་གིས་རྒྱབ་སྐྱོར་མེད་ཚུལ་དང་། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་ཚུལ་བརྗོད་ཀྱང་། དོན་དུ་བོད་རང་བཙན་སླར་གསོ་དགོས་དང་མི་དགོས་དེ་བོད་མི་མང་གི་མངོན་འདོད་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པ་ལས། སྟོབས་ཆེན་རྒྱལ་ཁབ་སུ་དང་སུའི་རྒྱབ་སྐྱོར་ཡོད་མེད་ལ་བརྟེན་ནས་ལངས་ཕྱོགས་འཛིན་དགོས་པ་ཞིག་མིན། ཨ་རི་སོགས་རྒྱལ་ཁབ་མང་པོས་རྒྱ་ནག་ནང་མ་རྩ་གཏོང་རྒྱུ་དང་། ཚོང་འབྲེལ་འཛིན་རྒྱུའི་ཐབས་ཤེས་བྱེད་བཞིན་པའི་སྐབས་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་ངེས་ཀྱང་། ད་ལྟའི་དུས་ཚོད་ལྟ་བུར་རང་བཙན་གྱི་ལངས་ཕྱོཌ་བཟུང་ན་རྒྱབ་སྐྱོར་བྱེད་མཁན་ཡང་ཡོད་ངེས་རེད།
མདོར་ན་རྒྱ་ནག་གི་རྣམ་འགྱུར་དང་། གནས་སྐབས་ཀྱི་རྒྱལ་སྤྱིའི་ཁ་ཕྱོགས་ཙམ་ལ་བལྟས་ནས་བོད་དོན་ཐག་གཅོད་ཀྱི་ཁ་ཕྱོགས་གཏན་འབེབས་བྱས་པ་ནོར་བ་ཡིན་ལ། གཙོ་བོ་ང་ཚོའི་ཁ་གཏད་གཅོག་ཡུལ་རྒྱ་དམར་གཞུང་ནི་ངོ་ཚ་ཞེ་ཁྲེལ་མེད་ཅིང་། ཧམ་སེམས་གདུག་རྩུབ་གཞན་ལས་ཆེ་བས་བློ་གཏད་དང་ཡིད་ཆེས་དུས་ནམ་ཡང་བྱེད་མི་འོས། ཕྱི་ལོ་༡༩༧༩ ལོ་ནས་འདས་པའི་མི་ལོ་༤༥ ཙམ་གྱི་རིང་ལ་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་རྒྱ་དམར་གཞུང་ལ་འབྲེལ་བ་བྱས་ཀྱང་། ད་བར་དོན་དམ་པའི་ཡ་ལན་གང་ཡང་བྱས་མེད་པར་༧གོང་ས་མཆོག་གི་སྐུ་ཚེ་ལ་ཚོད་རྩིས་ཀྱིས་ཚད་ལས་འདས་པའི་སྐུར་འདེབས་དང་། བོད་ཀྱི་ལོ་རྒྱུས་རྫུན་བཟོ་དང་འཁྱོག་བཤད་སྣ་ཚོགས་བྱེད་བཞིན་ཡོད་ལ། ད་ལྟའི་ཆར་ཡང་“ཏཱ་ལའི་བླ་མ་སྒེར་”གྱི་གནད་དོན་ཙམ་ལས། བོད་ཀྱི་གནད་དོན་ཞིག་ཡོད་པ་ཙམ་ཡང་ཁས་ལེན་བྱས་མེད། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་པ་མང་པོ་ཞིག་རྒྱ་གཞུང་ལ་འཁོན་སེམས་མེད་པར་གྱུར་པ་ཙམ་ལས་གཞན་ཕན་ཐོཌ་གང་ཡང་བྱུང་མེད།།