མི་མང་གིས་འགན་བཅོལ་བ་བཞིན་བྱེད་ཐུབ་ས་རེད་བསམ་ནས་སྲིད་སྐྱོང་དུ་ལངས་པ་ཡིན།

སྲིད་སྐྱོང་འོས་མི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལ་ཁོང་གི་ལས་འཆར་སྐོར་དང་འབྲེལ་བའི་བཅར་འདྲི།
དྲི་བ། སྐུ་ཉིད་འདི་ལོའི་སྲིད་སྐྱོང་འོས་མིར་ལངས་དགོས་པའི་དམིགས་ཡུལ་གཙོ་བོ་གང་ཡིན་ནམ།
Tibet-Speker-Uprising-2015ལན།
དམིགས་ཡུལ་གཙོ་བོ་དེ་འདས་པའི་ལོ་ལྔ་བཅུ་དྲུག་ཅུའི་རིང་༧སྤྱི་ནོར་གོང་ས་མཆོག་གིས་སྐུ་ངལ་བསྐྱོན་ནས་བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཁག་རྡོག་རྩ་ཆིག་སྒྲིལ་གྱི་ནུས་པ་སྔར་དང་མི་འདྲ་བྱུང་ཡོད་པ་དེ་རྒྱུད་འཛིན་དགོས་པ་གལ་ཆེན་པོར་བརྩི་ཡི་ཡོད། གལ་སྲིད་ང་ལ་སྲིད་སྐྱོང་ཐོབ་ན། ཆོལ་ཁ་གསུམ་གྱི་ནང་མཐུན་པོ་ཡོང་བ་དང་། ཕན་ཚུན་འབྲེལ་བ་ཡོད་པ། ཆོས་བརྒྱུད་ཀྱི་བླ་ཆེན་རྣམ་པ་དང་བསྟན་བདག་སུ་ཡིན་ལ་འབྲེལ་བ་བྱས་ནས་མཉམ་རུབ་ཀྱི་ནུས་པ་འདོན་རྒྱུ་དེ་གལ་ཆེ་ཤོས་ལ་བརྩི་ཡི་ཡོད། ང་ཚོའི་འཐབ་རྩོད་ལ་གལ་ཆེན་དང་། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་བསྲིང་མིན་ཡང་བོད་པ་ཚོས་ཆིག་སྒྲིལ་གྱི་ནུས་པ་འདོན་ཐུབ་མིན་ལ་རག་ལས་ཡོད་པ་རེད། བོད་ནང་ལ་ཡོད་མཁན་ཚོས་བཙན་བྱོལ་ནང་ལ་རེ་བ་ཞིག་བཅོལ་གྱི་ཡོད་པ་དང་། ང་ཚོས་བོད་ནང་ཡོད་མཁན་ཚོར་རེ་བ་ཞིག་གཏད་ཡོད་པ་རེད། ང་ཚོར་འདི་ནས་འགྲོ་ལུགས་འགྲོ་སྟངས་ཚད་ལྡན་ཡོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། མང་གཙོའི་ཀ་བ་གསུམ་མཉམ་རུབ་ཀྱིས་ནུས་པ་འདོན་དགོས་པ་གལ་ཆེན་པོ་རེད། རྩ་བའི་མང་གཙོའི་འགྲོ་ལུགས་ལྟར་ལས་དོན་ཆ་བགོས་དང་བརྗིད་མཉམ་སྟངས་འཛིན་ཡོད་པ་རེད། ང་སྤྱི་འཐུས་བྱས་ནས་ལོ་༡༩ དང་ཚོགས་གཙོ་བྱས་ནས་ལོ་༦ ལྷག་འགྲོ་ཡི་ཡོད་རེད། དེའི་མཉམ་མྱོང་ལ་བརྟེན་ནས་བཀའ་ཤག་དང་གྲོས་ཚོགས་གཉིས་ཀྱིས་ཆབ་སྲིད་ཀྱི་ལས་འགུལ་ཐོག་ཐུན་མོང་གི་ནུས་པ་སྤུངས་ས་ག་རེ་འདུག རྩ་བའི་འཛིན་སྐྱོང་ལ་འཛིན་སྐྱོང་གི་ལས་ཀ་ཡོད་རེད་ལ། གྲོས་ཚོགས་ལ་ཁྲིམས་བཟོའི་ལས་ཀ་ཡོད་རེད། དེ་ཚོར་འགན་ཁུར་སྟངས་དང་རྩིས་རྒྱག་རྒྱུ། ལན་རྒྱུག་རྒྱུ་དེ་ཚོ་ཚགས་ཚུད་པོ། མང་གཙོའི་འགྲོ་ལུགས་ཚད་ལྡན་ཡོང་ཐུབ་པར་འབད་བརྩོན་བྱེད་རྒྱུ་རེད། དབུས་འཆམ་པོ་ཡོད་ན་རང་བཞིན་གྱིས་མི་མང་འཆམ་པོ་ཡོང་ཐུབ་པས། དེ་གལ་ཆེན་པོར་བརྩི་ཡི་ཡོད།
བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་དེ་ང་ཚོ་གཅིག་པུས་ཐག་གཅོད་ཐུབ་པའི་གནས་སྟངས་ཤིག་མ་རེད། ད་ལྟའི་བཀའ་ཤག་ཡིན་ནའང་སྐུ་ལས་བསྐྱོན་ཡོད་ཀྱི་རེད། མ་འོངས་པར་སྲིད་སྐྱོང་སུ་ཐོབ་ནའང་དཀའ་ལས་རྒྱག་དགོས་རེད། དེ་ཆབ་སྲིད་མི་སྣ་བརྒྱུད་ནའང་རེད། ཚོང་པ་བརྒྱུད་ནའང་རེད། མཁས་དབང་ཚོ་བརྒྱུད་ནའང་རེད། དེ་ཚོའི་ནུས་པ་གང་ཡོད་པ་དེ་བེད་སྤྱོད་བཏང་ནས། རྒྱ་ནག་ལ་གོ་བརྡ་ཡག་པོ་ཞིག་སྤྲོད་ཐུབ་པ། སྤྱིར་བཏང་ད་ལྟ་བར་གོ་བརྡ་མ་འཕྲོད་པའི་གནས་སྟངས་ཡོད་མ་རེད་དེ། ཡིན་ནའང་གོ་བརྡ་འཕྲོད་པའི་ཐོག་ནས་བོད་རྒྱའི་དཀའ་ཉོག་སེལ་ན་རྒྱ་ནག་ལ་ཁེ་ཕན་ག་ཚོད་ཡོད་མེད་གསལ་པོ་ཞིག་བཟོ་ཐུབ་རྒྱུར་འབད་བརྩོན་བྱེད་རྒྱུ་སྤྱི་ཡོངས་ཀྱི་གནས་སྟངས་རེད། བོད་ནང་ཡོད་པའི་བོད་མི་ཚོར་ང་ཚོས་དཔའ་ཁས་ལེན་བྱས་ནས་ཅིག་བྱེད་ཐུབ་ཀྱི་ཡོད། གཉིས་བྱེད་ཐུབ་ཀྱི་ཡོད་ཅེས་ལ་དག་གི་མ་རེད། དངོས་ཡོད་གནས་སྟངས་ཤེས་བསྡད་ཡོད་པ་རེད། ཡིན་ནའང་བཙན་བྱོལ་སྒྲིག་འཛུགས་གལ་ཆེན་པོ་ཡིན་པས། གཞིས་ཆགས་སྲ་བརྟན་གནས་ཐབས་ཡིན་ནའང་ད་ལྟ་ནས་འཆར་གཞི་བསྒྲིགས་ཏེ། ངས་དཔེ་མཚོན་ཙམ་བཤད་ན། བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ཁྲི་ལྔ་ཞིག་ཡོད་པ་རེད། བྱང་ཨ་མི་རི་ཀ་དང། ཡུ་རོབ་སོགས་ཕྱི་རྒྱལ་ཁག་ཏུ་སྟོང་ཕྲག་སུམ་ཅུ་སོ་ལྔ་ནས་བཞི་བཅུ་ཙམ་ཡོད་རེད། དེའི་ལྷག་མ་རྒྱ་བལ་འབྲུག་ནང་དུ་ཡོད་རེད། རྒྱ་གར་ནང་ཁྲི་དགུ་ཙམ་ཡོད་ན། གཞིས་ཆགས་ཁ་ཤས་ཁུངས་འཁྱོལ་ལ་མ་འཁྱོལ་བ་དེ་ཚོ་འཇོག་སྡོད་པ་ལས། སྦེལ་ཀོབ་དང་མོན་གྷོ་ཌི་སོགས་གཞིས་ཆགས་ཆེན་པོ་དེ་ཚོ་གྲོང་ཁྱེར་ཆུང་ཆུང་དེ་འདྲ་བཟོ་ཐབས་དང། གཞིས་ཆགས་ཁུངས་མ་འཁྱོལ་བ་དེ་ཚོ་མར་སྤོས་ནས། དེར་སློབ་གྲྭ་དང་། སྨན་ཁང་། རྒན་གསོ་ཁང་སོགས་ཚད་ལྡན་རྒྱག་ཐུབ་ན། བོད་པ་ལ་ལས་ཀ་སྤྲོད་ཐུབ་པ་དང་གཞོན་སྐྱེས་ཚོས་ལས་ཀ་བྱེད་ཐུབ་པ། མཐུན་རྐྱེན་ཡག་པོ་བསྐྲུན་ཐུབ་ན་ཕྱི་རྒྱལ་དུ་འགྲོ་མཁན་ཚོ་ཡང་ལོ་ཡར་སླེབས་ཡོང་སྐབས། ཚུར་ལོག་ཡོང་ཆོག་པའི་ཁོར་ཡུག་བསྐྲུན་ཐུབ་ན། མི་འབོར་ཡང་སྐོར་བ་རྒྱག་ཐུབ་པ་ཞིག་ཡོང་གི་རེད། དེ་ཚོ་དཔེ་མཚོན་གཅིག་རེད། ལྷན་ཁང་སོ་སོའི་ནང་ག་རེ་བྱེད་དགོས་པ་བསམ་ཚུལ་གསལ་པོ་ཡོད། ལས་བྱེད་ཚོའི་བདེ་སྡུག་ལ་ལྟ་དགོས་པ་རེད། བཀའ་ཤག་དང་གྲོས་ཚོགས་ལ་སྲིད་ཇུས་ཡག་པོ་ཡོད་ནའང་ལག་ལེན་བསྟར་མཁན་ལས་བྱེད་ཚོ་ཡིན་པས། དབུས་དང་ས་གནས་ཚང་མར་འགྲོ་ལུགས་འགྲོ་སྟངས་ཚད་ལྡན་དགོས་པ་གལ་ཆེན་པོ་རེད། ༧གོང་ས་མཆོག་གི་དགོངས་གཞི་ལག་ལེན་ལ་ཁེལ་ཐབས་བྱེད་དགོས་པ་རེད། ངའི་འདས་པའི་མཉམ་མྱོང་དང་། མི་གཤིས་སོགས་ཕྱོགས་གང་ཐད་ནས་མི་མང་གིས་འགན་བཅོལ་བ་བཞིན་འགྱོད་པ་མེད་པ་བྱེད་ཐུབ་ས་རེད་བསམ་པའི་ཐོག་ནས་སྲིད་སྐྱོང་དུ་ལངས་པ་ཡིན།

དྲི་བ། སྐབས་འདིའི་བཀའ་ཤག་གི་འཐུས་ཤོར་སོང་བ་གཙོ་བོ་ག་རེ་གཟིགས་ཀྱི་ཡོད།
ལན།
ད་ལྟ་ང་ཚོགས་གཙོ་ལོ་༦ དང་ཕྱེད་ཀའི་རིང་དེ་སྔོན་དང་བསྡུར་ན་ཡར་རྒྱས་སོང་ཡོད་པ་དང་། དེ་ཚོགས་གཞོན་སོགས་མཉམ་རུབ་བྱས་ནས་བྱུང་བ་རེད། མ་འོངས་པར་སྲིད་སྐྱོང་གི་འོས་ཐོབ་ནའང་མི་གཅིག་གིས་འཇོན་འཇོག་པ་ཞིག་ཡོད་པ་མ་རེད། བཀའ་ཤག་ལྷན་རྒྱས་དང་ལས་བྱེད་ཚོས་ནུས་པ་འདོན་དགོས་པ་རེད། ཚང་མས་མཉམ་དུ་ནུས་པ་སྤུངས་དགོས་པ་རེད། ད་ལྟའི་འཐུས་ཤོར་ཕྲན་བུ་འགྲོ་ཡི་ཡོད་པ་དེ་མང་གཙོའི་ཀ་བ་གསུམ་མཉམ་དུ་འགྲོ་ཐུབ་དང་མ་ཐུབ་ཀྱི་གནས་སྟངས་འོག་ནས་ངས་མང་གཙོའི་ཀ་བ་གསུམ་མཉམ་དུ་ཁྲིད་ནས་འགྲོ་རྒྱུ་ཡིན། དེ་ངའི་མཉམ་མྱོང་གི་ཐོག་ནས་ཞུ་ཐུབ་ཀྱི་ཡོད་པ་རེད་ལ། བྱེད་ཐུབ་པ་ཞིག་རེད་བསམ་གྱི་འདུག

དྲི་བ། དབུ་མའི་ལམ་གྱི་སྲིད་ཇུས་ཐོག་རྒྱ་བོད་བར་འབྲེལ་བ་ཡོང་ཐབས་བྱས་ན་རྒྱུན་རིང་སོང་བ་མ་ཟད། ས་གནས་མི་རིགས་རང་སྐྱོང་གི་ཡིག་ཆ་སྤྲད་རྗེས། རྒྱ་གཞུང་གིས་ངོས་ལེན་གང་ཡང་མ་བྱས་པ་མ་ཟད། ༧གོང་ས་མཆོག་ལ་མཚན་སྨད་ཀྱང་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་རེད། མ་འོངས་པར་དེའི་ཐོག་ལས་དོན་འགྲུབ་ཐུབ་པའི་གདེངས་ཚོད་དང་ཐབས་ལམ་ག་རེ་ཡོད་དམ།
ལན།
དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་མ་སོང་བར་དེའི་ཐོག་འགྲོ་རྒྱུ་ལས་ཐབས་གཞན་ཡོད་པ་མ་རེད། དབུ་མའི་ལམ་གྱི་སྲིད་ཇུས་འོག་དངོས་ཡོད་གནས་སྟངས་གཞིར་བཞག་ནས་གོམ་པ་རྒྱག་དགོས་པ་ལས། དངོས་ཡོད་གནས་ཚུལ་དེ་ཕར་བཞག ལས་ཀ་གཞན་པ་བྱས་བསྡད་ན་ཡོང་རྒྱུ་མེད་པ་ཞིག་རེད། ཡིན་ནའང་བོད་རྒྱ་འབྲེལ་མོལ་ཟེར་དུས་གཙོ་བོ་རྒྱ་ནག་གིས་ཡ་ལན་བྱེད་མིན་ལ་རག་ལས་ཡོད་པ་རེད། རྒྱ་ནག་ནང་དེང་སྐབས་དཔལ་འབྱོར་འགྱུར་བ་འགྲོ་ཡི་ཡོད་པ་དང་། ཆབ་སྲིད་ཀྱི་ཐོག་ཏུ་རང་བཞིན་གྱིས་འགྱུར་བ་འགྲོ་སྡོད་ཀྱི་རེད། དེ་ཚོའི་གོ་སྐབས་མ་བརླགས་པ་བྱེད་དགོས་པ་གལ་ཆེན་པོ་དང་། ང་རང་ཚོའི་སྤྱི་ཚོགས་ནང་རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་གྱི་མཁས་པ་མང་པོ་ཡོད་པས། དེ་ཚོ་ཟུར་དུ་མ་བཞག་པར་ཚུར་གདན་འདྲེན་ཞུས་ནས་སྐད་ཆ་དྲིས་ན། ཁོང་ཚོ་རྣམ་དཔྱོད་ལྡན་པའི་མི་ཡིན་དུས། ཁོང་ཚོར་དྲི་བ་དྲིས་ནས་ད་ལྟའི་སྲིད་ཇུས་ཐོག་གོམ་པ་ག་འདྲ་རྒྱག་དགོས་དང་། སྣོན་པ་ག་རེ་དགོས་གོ་བསྡུར་བྱེད་རྒྱུ་དང། ཕྱི་རྒྱལ་གྱི་མཁས་དབང་དང་། རྒྱ་མི་རྒྱ་ནག་ལ་རྟོག་ཞིབ་བྱེད་མཁན་ཚོ་ཚང་མར་གོ་བསྡུར་བྱས་ཏེ། ཡར་རྒྱས་ག་རེ་དགོས་ཀྱི་འདུག བོད་རྒྱ་འབྲེལ་མོལ་ཚོགས་ཆུང་ཡིན་ནའང་ད་ལྟའི་དེ་མུ་མཐུད་གནས་དགོས་ཀྱི་འདུག་དང་། གསར་པ་ཞིག་དགོས་ཀྱི་འདུག དེ་ཚོའི་ཐོག་བསམ་བློ་གཏོང་དགོས་རེད། ད་ལྟ་ནས་ངས་ཁ་ཕྱོགས་འདི་འཛིན་རྒྱུ་ཡིན་ལབ་རྒྱུ་ཁག་པོ་རེད། གོ་བསྡུར་བྱས་ན་ཁ་ཕྱོགས་གསར་པ་ཟེར་གྱི་ཡོད་མེད་གང་ལྟར་ནུས་པ་གསར་པ་འདོན་ཐུབ་པའི་གོ་སྐབས་ཡོང་རྒྱུ་རེད།

དྲི་བ། ད་ལྟ་སྲིད་སྐྱོང་དུ་ལངས་མཁན་ཡོངས་གྲགས་སུ་མི་བཞི་ཡོད་པ་རེད། དེའི་ནང་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ། ཉམས་ཞིབ་པ་ཀླུ་མཁར་བྱམས། མཉམ་འབྲེལ་འགན་འཛིན་བཀྲ་ཤིས་དབང་འདུས། སྐུ་ཉིད་བཅས་རེད། དེ་ཚོར་མ་འདྲ་བའི་སྐུ་ཉིད་ལ་ཁྱད་ཆོས་ག་རེ་ཡོད་དགོངས་ཀྱི་ཡོད་དམ།
ལན།
ཉམས་མྱོང་ཐོག་ནས་བཤད་ན་ཁོང་ཚོ་གསུམ་ལས་ང་མང་གི་རེད་བསམ་གྱི་འདུག དེ་རེད་དང་མ་རེད་གཞན་པ་ཚོས་ལྟ་དགོས་རེད། ངའི་གཤིས་ཀའི་ཐོག་ནས་མི་ལ་མཐུན་སྒྲིལ་བྱེད་དགོས་མཁན་ཞིག་ཡིན། ང་ལ་ལྡོག་ཕྱོགས་ནས་ལབ་མཁན་ཡིནའང་ཕར་སྡང་ཟུག་མ་བྱས་པར། དེང་སྐབས་ཁོང་ཁྲོ་ཡང་ཞེ་དྲག་ཟ་ཡི་མི་འདུག མཉམ་རུབ་ཀྱི་ནུས་པ་འདོན་ཐབས་དང་། བོད་མི་ཕར་འཐོར་འགྲོ་ཡི་ཡོད་ན་ཚུར་རུག་རུག་བཟོ་ཐུབ་པ། ལས་བྱེད་ཚོ་ཡིན་ནའང་སེམས་ཤུགས་འཕར་ཐུབ་པ་ཞིག་གཞན་པ་ལས་ལྷག་བྱེད་ཐུབ་པའི་ཡིད་ཆེས་རྙེད་ཀྱི་འདུག ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་བཞིན་དམན་ས་འཛིན་རྒྱུ་དང་། མི་མང་དང་སྤྱི་བ་ལ་ཞབས་ཞུ་གཙོ་བོར་བཟུང་ནས་གཞན་དང་མ་འདྲ་བ་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག

དྲི་བ། བོད་རྒྱ་ཞི་མོལ་གྱི་འབྲེལ་ལམ་ཆད་ནས་ཡུན་རིང་སོང་བ་དང་། ད་ལྟ་དབུ་མའི་ལམ་གྱི་སྲིད་ཇུས་དེ་གཞུང་ངོས་བཙན་བྱོལ་བོད་མིའི་ནང་སློབ་གསོ་མང་པོ་སྤྲོད་བཞིན་འདུག་ན། དེ་བོད་མི་ཚོས་ཡག་པོ་མ་ཤེས་ནས་ཞི་མོལ་ལ་འགལ་རྐྱེན་སོང་བ་ལྟ་བུ་རེད་དམ།
ལན།
རང་བཙན་ཡོད་པའི་མི་རིགས་ཤིག་ཡིན་ནའང་། རྒྱལ་ཁབ་ནང་ག་རེ་ཡོང་གི་འདུག་ཉིན་རེའི་ཚགས་པར་བཀླགས་ནས་དོ་སྣང་དང་། སོ་སོས་འོས་བླུགས་སའི་མི་དེས་ལས་ཀ་ཡག་པོ་བྱེད་ཀྱི་ཡོད་མེད་ལ་དོ་སྣང་ཡོད་རེད། ཡིན་ནའང་བོད་པ་ཚོ་ཁག་ཅིག་གིས་༧རྒྱལ་བ་རིན་པོ་ཆེ་ཡོད་དུས་ཚང་མ་འགྲིག་འགྲོ་ཡི་རེད་བསམ་ནས། སོ་སོས་དོ་སྣང་དེ་ཉུང་ཉུང་བྱས། གནད་དོན་མ་ཤེས་དུས་གཞན་ལ་སྐད་ཆ་དྲིས། སོ་སོའི་རྣམ་དཔྱོད་འདོན་མ་ཐུབ་པའི་གནས་སྟངས་འོག་ཡོང་གི་ཡོད་པ་རེད་བསམ་གྱི་འདུག ད་ལྟ་ང་ལ་དབུ་མའི་ལམ་གྱི་སྐོར་བཤད་བཅུག་དུས། ང་ན་ནིང་མཐོ་སློབ་ཏུ་དབུ་མའི་ལམ་གྱི་སྐོར་ཤོད་ཟེར། ངས་ད་དུང་དབུ་མའི་ལམ་གྱི་སྐོར་བཤད་དགོས་དུས་ངོ་ཚ་ཡི་འདུག་ཟེར་གྱི་ཡོད། ༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་མང་པོ་གནང་གྲུབ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་སྤྱི་འཐུས་གཉིས་ཀས་སྐོར་བསྐྱོད་བྱས་ཏེ་འགྲེལ་བཤད་བརྒྱབ་ཚར་རེད། ཡིན་ཡང་གཞི་རིམ་གྱི་སློབ་སྦྱོང་མེད་དུས་རྒྱ་ཆེ་སར་བསམ་བློ་གཏོང་རྒྱུར་དཀའ་ངལ་འཕྲད་ཀྱི་མེད་འགྲོ་བསམ་གྱི་འདུག གཞོན་སྐྱེས་གསར་པ་ཚོར་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་པོ་རེད། རྒན་ཁོག་ཚོས་དབུ་མའི་ལམ་ཤེས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ནའང་རེད། ༧རྒྱལ་བ་རིན་པོ་ཆེར་དད་པ་བྱས་ནས་རྒྱབ་སྐྱོར་ཡིནའང་རེད། བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་སྤྲད་ནས་རྒྱབ་སྐྱོར་ཡིན་ནའང་རེད། འགྲོ་བསྡད་ཡོད་པ་རེད། བོད་པ་ཁག་ཅིག་ཤེས་ཡོན་ཡོད་ཟེར་མཁན་ཡིནའང་དབུ་མའི་ལམ་གྱི་རིན་ཐང་མཐོང་ཐུབ་ཀྱི་ཡོད་པ་མ་རེད། སོ་སོའི་ལངས་ཕྱོགས་འཛིན་གྱི་ཡོད་རེད། ལངས་ཕྱོགས་འཛིན་ཆོག་གི་མ་རེད་ལབ་རྒྱུ་ཡོད་མ་རེད། ང་ཚོ་མང་གཙོ་རེད། ཡིན་ནའང་གཅིག་གིས་གཅིག་ལ་མ་གནོད་པར་འགྲོ་དགོས་པ་དེ་གལ་ཆེན་པོ་རེད། ངས་དགྲ་ཤར་ལ་བཞག་ནས་གཏོར་མ་ནུབ་ལ་མ་རྒྱག་ཟེར་གྱི་ཡོད། ང་རང་བཙན་རྩོད་མཁན་ཚོ་ཡིན་ནའང་འདྲིས་པོ་ཡོད་ལ། ཐུག་ནས་སྐད་ཆ་བཤད་ཀྱི་ཡོད། ནང་ལོག་ལ་མཐུན་མིན་གྱི་སྐད་ཆ་ཕར་བཞག་ནས། སོ་སོའི་ལངས་ཕྱོགས་ཐོག་སྲིད་ཇུས་འཛིན་དགོས་ནའང་རེད། ལས་གཞི་དགོས་ནའང་རེད། དེ་ཚོའི་ཐོག་བསམ་བློ་གཏོང་དགོས་རེད་ཟེར་གྱི་ཡོད། ང་རང་གིས་༧རྒྱལ་བ་རིན་པོ་ཆེ་ལས་ལྷག་པའི་བོད་ཀྱི་གནད་དོན་ཤེས་མཁན་ཡོད་པར་ངོས་འཛིན་བྱེད་ཀྱི་མེད། ༧རྒྱལ་བ་རིན་པོ་ཆེའི་དགོངས་པ་ག་རེ་ཡིན་པ་གང་འཚམས་རྟོགས་མཁན་ཞིག་ཡིན་བསམ་གྱི་ཡོད། དངོས་ཡོད་གནས་ཚུལ་འབྱུང་འགྱུར་ལོ་༣༠ དང་༤༠ ནང་ཕར་ལོག་མ་ཐུབ་ན་རང་བཙན་ཕར་ཞོག དབུ་མའི་སྲིད་ཇུས་རང་སྐྱོང་གིས་ཀྱང་ཕན་མ་ཐོགས་པ་ཆགས་ས་རེད། རྒྱ་མི་བོད་ནང་མང་དྲགས་པ་རེད། ལངས་ཕྱོགས་དབུ་མ་འཛིན་མཁན་དང་རང་བཙན་འཛིན་མཁན་གཉིས་ཀས་ཕར་ཁ་གཏད་ནས་བྱས་ན་ནང་ཁུལ་འཁྲུག་དགོས་དོན་ཡོད་པ་མ་རེད།

དྲི་བ། རང་བཙན་དང་དབུ་མའི་བར་ལས་འགུལ་སྤེལ་སྐབས་ད་ལོ་ནིའུ་ཡོག་ཏུ་རྩོད་གླེང་ཏོག་ཙམ་བྱུང་བ་རེད། ཁྱེད་འཛིན་སྐྱོང་ནང་སླེབས་ན་དེ་ཚོའི་ཐོག་ག་འདྲ་གནང་རྒྱུ་ཡིན་ནམ།
ལན།
དེ་ངས་དཀའ་ངལ་མཐོང་གི་མི་འདུག གནས་ཚུལ་དེ་འདྲའི་རྐྱེན་རེ་ཡོང་སྐབས་ང་ཚོས་ཉམས་མྱོང་གསོག་བཞིན་ཐབས་ལམ་ཞིག་རྙེད་ཡོང་གི་རེད། གཙོ་བོ་མིའི་བསམ་བློ་རེད། རྙོག་གྲ་དེ་ང་རང་ཚོས་ནང་ལ་བཟོས་ནའང་། འཛམ་གླིང་ནང་ཞེ་དྲག་ཤེས་ཀྱི་ཡོད་པ་མ་རེད། ཅིག་བྱས་ན་རྒྱ་མིས་དེ་བེད་སྤྱོད་ག་འདྲ་གཏོང་དགོས་ལྟ་ཡི་ཡོད་སྲིད་པ་རེད། དབུ་མ་ལྟ་བ་དང་རང་བཙན་ག་རེ་ཡིན་ནའང་སུ་ལ་ཕན་ཐོགས་ཀྱི་འདུག སུ་ལ་གནོད་ཀྱི་འདུག་བསམ་བློ་གཏོང་དགོས་རེད། ད་ལོའི་ནིའུ་ཡོག་དང་ནིའུ་རྗར་སི་ཡི་རྙོག་གྲ་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོ་བོའི་ཐོག་ནས་བྱུང་བསྡད་པ་འདྲ་པོ་ཞིག་ཆགས་ཀྱི་འདུག བོད་རང་དབང་སློབ་ཕྲུག་ཚོགས་པ་ཐོག་མ་བཙུགས་མཁན་སུ་རེད། དམིགས་ཡུལ་ག་རེ་རེད། བོད་པ་མ་ཡིན་པ་ཚོར་བོད་དོན་འགྲེལ་བཤད་བརྒྱབ་ནས་རྒྱབ་སྐྱོར་འཚོལ་ཐབས་དེ་རེད། དེང་སྐབས་དེའི་ནང་བོད་པ་མང་པོ་ཆགས་ཡོང་སྐབས། བོད་པའི་ཆབ་སྲིད་ནང་རང་བཞིན་གྱིས་འཛུལ་ཡོང་གི་ཡོད་པ་རེད། བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་རྒྱབ་སྐྱོར་ཚོགས་པའི་ངོ་བོའི་ཐོག་བསྡད་ན་ཡག་པོ་ཡོད་པ་རེད། སྔོན་མ་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་གྲོགས་པོ་ཚོགས་པ་ཟེར་བ་ཞིག་ཡོད་པ་རེད། དེའི་ནང་བོད་པ་གཅིག་གཉིས་ལས་མང་ཆེ་བ་རྒྱ་གར་རེད། ཁོང་ཚོ་དྷ་སར་ཡར་འཛོམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་སྐོར་ལ་བགྲོ་གླེང་བྱས་བསྡད་ཡོད་པ་རེད། དེ་ཁོང་ཚོར་ཐོབ་ཐང་ཡོད་པ་མ་རེད་ཅེས་ངས་བཤད་ཡིན། བོད་པའི་མ་འོངས་འཐབ་རྩོད་དེ་བོད་པས་ཐག་གཅོད་དགོས་པ་ལས། རྒྱ་གར་གྱིས་ཐག་གཅོད་ཐུབ་ཀྱི་མ་རེད། དེ་བཞིན་ང་ཨེ་ཊ་ལེར་འགྲོ་སྐབས། བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཞིག་བོད་པར་རང་བཙན་དགོས་རེད་ཅེས་རྒྱབ་སྐྱོར་བྱེད་མཁན་རེད། བོད་རིགས་ཚོགས་པ་ཚོས་ཁོང་ཚོས་འགྲེལ་བཤད་བརྒྱབ་ནའང་ཉན་གྱི་མི་འདུག སྐུ་ངོ་ཁྱེད་ཀྱིས་ཅིག་གསུངས་རོགས་ཟེར། དེ་ནས་ང་ཁོང་ཚོ་མཉམ་པོ་འཚོགས་ནས། ཁྱེད་རང་ཚོ་ཨེ་ཊ་ལའི་མི་རིགས་རེད། ཁྱེད་ཚོས་བོད་པའི་གནས་སྟངས་ཧ་གོ་བའི་ཐོག་ནས་བོད་རང་བཙན་རག་དགོས་ཀྱི་འདུག་ཅེས་རྒྱབ་སྐྱོར་བྱས་པ་དེར་རྗེས་སུ་ཡི་རངས་ཡོད། ཡིན་ནའང་བོད་དོན་དེ་ང་ཚོ་བོད་པས་ཐག་གཅོད་རྒྱུ་ལས་ཁྱེད་ཚོས་ཐག་གཅོད་ཐུབ་རྒྱུ་མ་རེད། དེར་བརྟེན་ཁྱེད་ཚོ་རྩད་རྒྱག་དགོས་པ་མ་རེད་ཅེས་ལབ་ཡིན། དེ་རྗེས་དེ་འདྲ་ཡོང་གི་འདུག་ཟེར་མཁན་མི་འདུག

དྲི་བ། བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དེ་ཚོ་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ལེན་བྱེད་ཀྱི་ཡོད་པ་དེ་གཅིག་རེད། གཉིས་པ་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པ་ལྟ་བུ་ཡིན་ན། ཚོགས་མི་མི་རིགས་གཞན་པ་མང་པོ་ཡོད་ནའང་། བོད་པའི་སྤྱི་ཚོགས་ནང་ལས་ཀ་བྱེད་མཁན་ཚོ་བོད་པ་རེད། དེ་ཚོར་བོད་པའི་ཐོབ་ཐང་གཅིག་པ་དགོས་པ་ལས། ཕར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོ་བོར་སྦྱར་ན་ཏག་ཏག་སྡོད་ཀྱི་རེད་དམ།
ལན།
སྤྱིར་བཏང་ད་ལྟའི་གནས་སྟངས་དེ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་རིགས་སྤྱི་མཐུན་ཚོགས་པ། བོད་མི་དེ་ཚོའི་བར་འཁྲུགས་ཐེབས་ཀྱི་འདུག སྔོན་མ་ཕྱི་རྒྱལ་ལ་བོད་པ་ཞེ་དྲག་མེད་སྐབས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཚོ་མར་ལམ་ཀར་སླེབས་ཡོང་སྐབས། བོད་པ་མིན་པ་མངོན་གསལ་དོད་པོ་ཡོད་རེད། དེང་སྐབས་བོད་པ་མང་བ་ཆགས་ནས་བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྲེ་བསྲེ་ཐེབས། མགོ་སེར་ཞེ་དྲག་མཐོང་རྒྱུ་མེད་པ་འདྲ་ཆགས་ནས་ནུས་པ་ཆག་འགྲོ་ཡི་འདུག ང་སྲིད་སྐྱོང་ཆགས་ན་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཚོ་བོད་པ་མ་ཡིན་པའི་སྒྲིག་འཛུགས་ཤིག་བཟོ་དགོས་རེད་བསམ་གྱི་འདུག ཁོང་ཚོས་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་ན། ང་ཚོ་སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་བསྡད་ཡོད་པ་དང་། བཀའ་ཤག་དང་སྤྱི་འཐུས་སོགས་མི་མང་གིས་འོས་འདེམས་བྱས་པའི་སྐུ་ཚབ་རྐྱང་རྐྱང་གིས་ཐག་གཅོད་བྱས་པ་དེའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ན་འགལ་ཟླ་ཆགས་ཀྱི་མ་རེད། དེ་མ་ཡིན་པའི་བསམ་ཚུལ་དེ་གཞུང་གི་ལངས་ཕྱོགས་མ་རེད། མང་བའི་ལངས་ཕྱོགས་ཀྱང་མ་རེད། ཡིན་ན་ཡང་མང་གཙོའི་ནང་ཉུང་བའི་ལངས་ཕྱོགས་རེད་ཅེས་འབུར་འཇོམ་བྱེད་ཆོག་གི་མ་རེད། གཅིག་གིས་གཅིག་ལ་མ་གནོད་པ་བྱས་ཏེ། མཉམ་གནས་བྱེད་ཐུབ་དགོས་རེད།

དྲི་བ། སྐབས་སྔོན་མ་སྐུ་ཉིད་བཀའ་བློན་ཁྲི་པར་བཞེངས་པ་རེད། དངོས་གཞིའི་སྐབས་བཀའ་ཁྲིའི་འོས་ཉུང་ཉུང་ཆགས་པ་དང། མདོ་སྨད་སྤྱི་འཐུས་ནང་འོས་མང་པོ་ཐོབ་ཡོད་པས། ཁྱེད་སྤྱི་འཐུས་ནང་དུ་བཞེངས་པ་རེད། ད་ལོ་སྤྱི་འཐུས་ནང་དུ་བཞེངས་རྒྱུ་ཡིན་མིན་ཁ་གསལ་བཟོ་རྒྱུ་ཡིན་ནམ། སྐབས་སྔོན་མ་ནང་བཞིན་བྱུང་ན། གང་འདེམས་རྩིས་ཡོད་དམ།
ལན
། སྤྱི་འཐུས་ནང་ལངས་རྒྱུ་མིན་ཞེས་ལོ་གསུམ་བཞི་སྔོན་ནས་ལབ་བསྡད་ཡོད། ང་སྤྱི་འཐུས་བྱས་ནས་ལོ་༢༠ འགྲོ་ཡི་ཡོད་རེད། སྤྱི་འཐུས་བྱས་ནས་ནུས་པ་ག་ཚོད་འདོན་རྒྱུ་ཡོད་ནའང་བཏོན་ཚར་རེད། ཚོགས་གཙོ་བྱས་རིང་བྱེད་དགོས་བསམ་པ་མང་ཆེ་བ་འགྲུབ་སོང་། ཡང་བསྐྱར་སྤྱི་འཐུས་ནང་ལངས་ན། ཐོབ་མིན་ལ་མ་ལྟོས་པར་ཚོགས་གཙོ་བྱེད་རྒྱུར་ཐབས་ཤེས་ཤིག་བྱེད་དགོས་རེད། ནམ་རྒྱུན་ངའི་བསམ་བློའི་ནང་རྐུབ་བཀྱགས་གཅིག་གི་ཐོག་མི་གཅིག་རྒྱུན་རིང་པོ་སྡོད་རྒྱུར་འདོད་པ་མེད། སྤྱི་འཐུས་ལ་མ་ལངས་ནས་སྲིད་སྐྱོང་མ་ཐོབ་ནའང་། ལས་ཀ་གཞན་པ་བྱས་ཆོག་གི་རེད། སྤྱི་འཐུས་ཀྱི་སྔོན་འགྲོའི་ནང་སླེབས་ནའང་དགོངས་པ་ཞུ་རྒྱུ་ཡིན། ཚོགས་གཙོ་ཚོགས་གཞོན་གསར་པ་སླེབས་ན་བསམ་བློ་གསར་པ་དང་ནུས་པ་གསར་པ་སླེབས་རྒྱུ་རེད། །

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་བཅར་འདྲི་བྱས།