མི་མང་ནག་ཁུང་དུ་བཞག་པ་མ་རེད་དམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༤༡ ཕྱི་ལོ་ ༢༠༢༠/༠༢/༡༧

ཉེ་ཆར་ཕྱི་ཟླ་༢ ཚེས་༨ ཉིན་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང་། སྐབས་དེར་ཕྱི་ཟླ་༣ ཚེས་༢༡ ཉིན་དངོས་གཞིའི་འོས་གཞི་གསལ་བསྒྲགས་གནང་རྒྱུ་ཡིན་པས། དེའི་རྗེས་སུ་མ་གཏོགས་སྲིད་སྐྱོང་དང་སྤྱི་འཐུས་སུ་གང་གིས་འོས་གཞི་དང་འབྲེལ་བའི་གསལ་བསྒྲགས་རིགས་མི་ཆོག་ཅེས་ཀྱང་བསྒྲགས་སོང་། གནད་དོན་དེའི་ཐོག་ལ་བསམ་བློ་གཏོང་དགོས་པ་མང་པོ་ཡོད་པ་དང་། དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ཞེ་དགུ་པའི་ནང་གསེས་༣ པའི་(ཀ) “དངོས་གཞིའི་འོས་བསྡུ་བྱ་རྒྱུའི་ཉིན་གྲངས་ ༢༠ གོང༌། དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་སྔོན་སོང་ནང་གསལ་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་ཉིས་ལྡབ་ཐོག་དང་བླངས་ཇི་ཡོད་སོ་སོའི་ལོ་རྒྱུས་མདོར་བསྡུས་རེ་དང༌། འདྲ་པར། འོས་གཞིའི་མཚོན་རྟགས་བཅས་མཐའ་བསྡོམས་གཏན་འབེབས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་བྱེད་དགོས།”ཞེས་གསལ་བ་ལྟར་ཐག་གཅོད་གནང་བ་ཡིན་འདུག

ད་ལྟ་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་གནང་བ་ལྟར་ཕྱི་ཟླ་༣ ཚེས་༢༡ གི་རྗེས་ལ་མ་གཏོགས། སྲིད་སྐྱོང་གི་འོས་གཞི་དང་སྤྱི་འཐུས་ཀྱི་འོས་གཞི་སུ་གང་གིས་རྒྱབ་སྐྱོར་རག་ཐབས་ཀྱི་ཁྱབ་བསྒྲགས་བྱེད་མི་ཆོག་ན། ཕྱི་ཟླ་༤ ཚེས་༡༡ ཉིན་དངོས་གཞིའི་འོས་བསྡུ་བྱ་རྒྱུ་ཡིན་པས། དེའི་སྔོན་ཉིན་གཉིས་ཀྱི་མཚམས་ནས་འོས་བསྡུའི་དྲིལ་བསྒྲགས་རིགས་མཚམས་འཇོག་བྱེད་དགོས་པ་སྒྲིག་གཞིའི་ནང་གསལ་པོ་འཁོད་སྟབས། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་སུ་ཡིན་ཡང་ཁྱབ་བསྒྲགས་བྱེད་པའི་དུས་ཚོད་ཉིན་བཅོ་བརྒྱད་ཙམ་ལས་ལྷག་མེད། བཙན་བྱོལ་བོད་མི་རྣམས་འཛམ་གླིང་གི་ས་ཕྱོགས་གང་སར་ཁ་འཐོར་ནས་བསྡད་ཡོད་སྟབས། དུས་ཚོད་དེའི་ནང་འཁོར་ཐུབ་པའི་རེ་བ་གཏན་ནས་མེད་པ་དང་། དྲིལ་བསྒྲགས་བྱེད་པའི་དུས་ཡུན་དེ་ཧ་ཅང་ཐུང་དྲགས་པ་རེད། གོང་དུ་དྲངས་པའི་འོས་བསྡུའི་སྒྲིག་གཞིའི་ནང་”དངོས་གཞིའི་འོས་བསྡུ་བྱ་རྒྱུའི་ཉིན་གྲངས་ ༢༠ “གོང༌”ཞེས་གསལ་ཡོད་པ་ལས། ཉིན་གྲངས་༢༠ མཚམས་དང་། ཉིན་གྲངས་༢༠ མ་གཏོགས་མེད་པའི་སྐབས་སུ་གསལ་བསྒྲགས་བྱེད་དགོས་ཞེས་གསལ་མེད།

ཉིན་གྲངས་༢༠ གོང་ཞེས་པ་དེའི་དོན་ནི་ཉིན་གྲངས་༢༠ རྗེས་གཏན་ནས་ཡིན་མི་ཆོག་པ་དང་། ཉིན་གྲངས་༢༠ གོང་དུ་ཉིན་གྲངས་༣༠ དང་༤༠ སོགས་གང་ཡིན་ཡང་སྒྲིག་གཞིའི་དགོངས་དོན་དང་མཐུན་ཡོད། ཉིན་གྲངས་༢༠ གོང་གི་དུས་ཚོད་ག་དུས་གཏན་འབེབས་གནང་མིན་དབུས་འོས་བསྡུའི་འགན་འཛིན་རྣམ་པའི་སྐུ་དབང་ཡིན་ནའང་། མི་མང་ལ་གསལ་བསྒྲགས་དང་། མི་མང་གི་གོ་རྟོགས་ཆ་ཚང་སྤེལ་ཐབས་གཏན་ནས་མེད་པའི་དུས་ཐུང་ནང་འོས་བསྡུ་བྱས་ན་དེ་ནི་འོས་བསྡུའི་དགོས་དམིགས་དང་མི་མཐུན་ཞིང་། མི་མང་གི་ངོས་ནས་ཀྱང་ལས་འཆར་དང་། འཇོན་ཐང་། དམིགས་ཡུལ་སོགས་གང་ཐད་ནས་ཤེས་རྟོགས་བྱེད་ཁོམ་བྱུང་མེད་དུས། ཆོལ་ཁ་དང་། མཐུན་ཕྱོགས་ཙམ་ལ་བསམ་བློ་གཏོང་བ་ལས་ཡང་དག་པའི་གདམ་ཀ་བྱ་རྒྱུའི་གོ་སྐབས་ལ་དོ་ཕོག་ཆེན་པོ་སོང་བ་རེད། གནད་དོན་འདི་ནི་མང་གཙོའི་འཕེལ་རིམ་གྱི་ཐོག་ནས་ཀྱང་རྒྱབ་བཤིག་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅིང་། འོས་བསྡུའི་སྒྲིག་གཞིའི་ནང་སྔོན་མའི་དུས་ཚོད་ལས་ཉུང་འཕྲི་མང་པོ་གནང་ཡོད་ནའང་། དམའ་མཐའ་ཁོ་ན་དམ་འཛིན་གནང་བ་ནི་མ་འགྲིག་པ་ཞིག་ཏུ་མཐོང་།

བཙན་བྱོལ་བོད་མི་རྣམས་གནས་སྡོད་བྱེད་ཡུལ་ཆ་ཚང་ལ་དུས་ཚོད་དེ་ཙམ་གྱི་ནང་དུ་འཁོར་ཐབས་ཡོད་མེད་ལ། འོས་བསྡུའི་འགན་འཛིན་རྣམ་པས་དགོངས་པ་མ་བཞེས་པ་ནི། སྲིད་སྐྱོང་གི་འོས་གཞི་ལ་མཚོན་ན་གྱོང་གུད་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་མ་ཟད། སྤྱི་འཐུས་ཀྱི་འོས་གཞི་གསར་པ་ཞིག་ལ་མཚོན་ནའང་རང་ཉིད་ངོ་སྤྲོད་བྱ་རྒྱུའི་ཆེད་མི་མང་ནང་དྲིལ་བསྒྲགས་དང་། གཏམ་བཤད། དྲི་བ་དྲིས་ལན་སོགས་དགོས་ངེས་འབའ་ཞིག་ཡིན་པས། གནད་དོན་འདིའི་ཐོག་ནས་མི་མང་གི་སྐུ་ཚབ་ཡག་པོ་ཞིག་འདེམས་པར་དུས་ཚོད་ཀྱི་ཐོག་ནས་དཀའ་ངལ་ཡོད་པ་ནི་སྨྲོས་མ་དགོས་པ་རེད། ཕྱོགས་གཅིག་ནས་ལོ་འདིར་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་ཕྱོགས་བསྐྱོད་དང་འདུ་འཛོམས་སོགས་ལ་དཀའ་ངལ་ཡོད་ནའང་། རྒྱལ་ཁབ་སོ་སོར་སྔོན་འགོག་གི་སྨན་ཁབ་སླེབས་ཟིན་པས་སྔོན་མ་ལས་ཅུང་ཉེན་ཁ་ཆུང་བ་ཡིན་པར་ངོས་འཛིན་བྱས་ཀྱང་མི་འགྲིག་པ་མེད་ལ། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་སུ་ཡིན་ཡང་མི་མང་གི་ངོས་ནས་རྒྱུས་མངའ་ཡོད་པ་ཞིག་ཏུ་གྱུར་ན་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད།

མདོར་ན་འོས་བསྡུའི་སྒྲིག་གཞིའི་ནང་ཁ་གསལ་པོ་མ་བཀོད་པར་འོས་བསྡུའི་འགན་འཛིན་རྣམ་པས་ཐག་གཅོད་བྱེད་ཆོག་པའི་ལམ་ཁ་བཞག་ཡོད་པ་དག་ལ། དགོངས་པ་ངེས་པར་དུ་བཞེས་དགོས་པ་དང་། སྐབས་སྔོན་མ་རྩོད་རྙོག་མང་པོ་བྱུང་བ་ནི་སྔོན་འགྲོ་དང་དངོས་གཞི་གཉིས་དུས་ཡུན་རིང་དྲགས་ནས་བྱུང་ཡོད་པར་ངོས་འཛིན་བྱེད་མཁན་མང་པོ་ཡོད་པ་དང་། དེ་ལ་བརྟེན་ནས་འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་མང་པོ་བཏང་ཡོད། ད་ལན་འོས་བསྡུའི་འགན་འཛིན་རྣམ་པས་ཀྱང་གནད་དོན་དེ་ལ་དམིགས་ནས་གསལ་བསྒྲགས་ཀྱི་དུས་ཚོད་ཉིན་གྲངས་ཉི་ཤུ་མ་ཟིན་ཙམ་ལས་མ་གནང་བ་ཡིན་ངེས་ཀྱང་། གོ་རྟོགས་སྤེལ་བའི་དུས་ཡུན་གཏན་ནས་མེད་པར་འོས་བསྡུ་བྱེད་དགོས་བྱུང་ན། དེ་ནི་ཁ་རྩོད་སྣ་རྩོད་ཀྱི་རིགས་ཁ་ཤས་བྱུང་བ་ལས་ཛ་དྲག་གི་གནད་དོན་ཞིག་ཏུ་འགྱུར་ངེས་རེད། དྲིལ་བསྒྲགས་བྱ་རྒྱུའི་དུས་ཚོད་ཐུང་ངུ་འདི་ཙམ་ལས་མེད་ན་སྔོན་འགྲོ་དང་དངོས་གཞི་ཞེས་འོས་བསྡུ་ཐེངས་གཉིས་བྱེད་དགོས་པའི་རྒྱུ་མཚན་གཏན་ནས་མེད་པ་དང་། ཕྱོགས་གཅིག་ནས་མི་མང་ནག་ཁུང་དུ་བཞག་པ་ལྟ་བུར་གྱུར་འདུག །