མི་མང་བརྒྱ་ཆ་༥༠% ཡིས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱས་འདུག

ཟླ་འདིའི་ཚེས་༡༧ ཉིན་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་ཐེ་ཝན་གྱི་ནང་དུ་བསམ་ཤོག་བསྡུ་ལེན་ཞིག་བྱས་ཡོད་པ་དང་། བསམ་ཤོག་དེའི་ནང་དུ་མཉམ་ཞུགས་བྱེད་མཁན་ཐེ་ཝན་གྱི་མི་མང་བརྒྱ་ཆ་༥༠% ཡིས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༦ ཉིན་ཐེ་ཝན་གྱི་ནང་དུ་བསམ་ཤོག་བསྡུ་ལེན་གྱི་གྲུབ་འབྲས་ཕྱིར་བསྒྲགས་བྱས་ཡོད་པ་དང་། བསམ་ཤོག་བསྡུ་ལེན་དེའི་ནང་དུ་མཉམ་ཞུགས་བྱེད་མཁན་ཐེ་ཝན་གྱི་མི་མང་བརྒྱ་ཆ་༥༠% ཡིས་ཐེ་ཝན་གྱི་རང་བཙན་ལ་རྒྱབ་སྐྱོར་བྱས་ཡོད་པ་དང་། མཉམ་ཞུགས་བྱེད་མཁན་མི་མང་བརྒྱ་ཆ་༢༥.༧% ཡིས་ད་ལྟའི་གནས་སྟངས་དེ་རྒྱུན་སྲིང་བྱེད་འདོད་ཡོད་འདུག་ལ། མཉམ་ཞུགས་བྱེད་མཁན་མི་མང་བརྒྱ་ཆ་༡༡.༨% གྱིས་རྒྱ་ནག་དང་ཟླ་སྒྲིལ་གཏོང་འདོད་ཡོད་པ་བཅས་ཀྱི་གྲུབ་འབྲས་ཐོན་འདུག  ད་ལྟའི་ཆར་ཆབ་སྲིད་ཕྱོགས་པ་གང་ཡིན་ལ་མ་ལྟོས་པར་ཐེ་ཝན་གྱི་ནང་དུ་རང་བཙན་ལ་རྒྱབ་སྐྱོབ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཐེ་ཝན་དུ་ཕེབས་པ་དེ་ལ་དགའ་བསུ་ཡོད་མེད་ཀྱི་བསམ་ཤོག་བསྡུ་ལེན་བྱེད་པའི་སྐབས་སུ། བསམ་ཤོག་ནང་མཉམ་ཞུགས་བྱེད་མཁན་མི་མང་བརྒྱ་ཆ་༥༣% ཁོང་ཉིད་ཐེ་ཝན་དུ་ཕེབས་པར་དགའ་བསུ་བྱས་ཡོད་ཀྱང་།མི་མང་བརྒྱ་ཆ་༢༤% ཡིས་དགའ་བསུ་མེད་རབས་དང་། མི་མང་བརྒྱ་ཆ་༢༣% གྱིས་དེའི་ཐོག་བསམ་ཚུལ་གང་ཡང་མེད་རབས་བརྗོད་ཡོད་འདུག

ཨ་རི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཐེ་ཝན་དུ་ཕེབས་པའི་རྗེས་སུ། རྒྱ་ནག་གིས་ཐེ་ཝན་གྱི་མཐའ་སྐོར་དུ་དམག་སྦྱོང་གཞི་རྒྱ་ཆེ་བ་ཞིག་བྱས་ཡོད་པ་དང་། དེ་ལ་འཇིགས་སྣང་སྐྱེས་ཀྱི་འདུག་མིན་དྲིས་བ་ན། ཐེ་ཝན་མི་མང་བརྒྱ་ཆ་༧༨.༣% གྱིས་ཞེད་སྣང་སྐྱེས་ཀྱི་མི་འདུག་ཅེས་བརྗོད་ཡོད་འདུག་ལ། མི་མང་བརྒྱ་ཆ་༡༧.༢% ཙམ་གྱིས་ཞེད་ཀྱི་འདུག་རབས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཐེ་ཝན་ནང་དུ་བསམ་ཤོག་བསྡུ་ལེན་བྱས་པའི་གནས་ཚུལ་ལ་ལྟར་ན། རྒྱ་ནག་དང་ཐེ་ཝན་གྱི་བར་དུ་དམག་འཁྲུག་རྒྱག་གི་མ་རེད་ཟེར་མཁན་གྱི་མི་མང་བརྒྱ་ཆ་༥༢.༧% ཟིན་ཡོད་པ་དང་། བསམ་ཤོག་གི་ནང་དུ་མཉམ་ཞུགས་བྱེད་མཁན་མི་མང་བརྒྱ་ཆ་༤༤%ཡིས་གལ་སྲིད་རྒྱ་ནག་དང་ཐེ་ཝན་གྱི་བར་དུ་དམག་འཁྲུག་ལངས་ཚེ། ཨ་རི་ཡིས་ཐེ་ཝན་ལ་དམག་རོགས་གཏོང་རྒྱུ་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།