མི་ཚེའི་མཇུག་འབྲས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༨༠ ཕྱི་ལོ་ ༢༠༡༦/༢/༣
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་ཅན་དང་ཆབ་སྲིད་པ་སོགས་མང་པོ་ཞིག་སྐྱེད་སྲིང་བྱས་ཡོད་པ་དང་། དུས་སྐབས་དང་གནས་སྟངས་མི་འདྲ་བའི་དབང་གིས་འཚར་ལོང་བྱུང་བའི་མི་སྣ་དེ་དག་གི་རིན་ཐང་ལྟ་བ་དང་ཕུགས་འདུན་གྱི་ཁ་ཕྱོགས་ཀྱང་གཏན་ནས་མི་འདྲ། ཐོག་མ་བཙན་བྱོལ་དུ་འབྱོར་བའི་སྐབས་ཙམ་ནས་རྒྱུན་རིང་པོར་རྒྱ་དམར་གཞུང་ནི་བོད་མི་རིགས་ཀྱི་དགྲ་ཡི་དྭངས་མ་ཡིན་པ་དང། བོད་མི་རིགས་ཀྱི་མཐར་ཐུག་གི་དགོས་མཁོ་ཉག་གཅིག་དེ་བོད་རང་དབང་རང་བཙན་སླར་གསོ་བྱ་རྒྱུ་ཁོ་ན་དེ་ཡིན་པའི་སློབ་གསོ་ཤ་ཁྲག་རུས་རྐང་ལ་ཐིམ་པ་ཞིག་བརྒྱབ་ཡོད་ཀྱང། ལོ་རབས་དགུ་བཅུ་པའི་སྟོད་ཙམ་ནས་བཙན་བྱོལ་བོད་པའི་ཆབ་སྲིད་སློབ་གསོའི་ཁ་ཕྱོགས་ཀྱང་རིམ་པས་རྒྱ་མི་རིགས་དང་མཉམ་གནས་བྱ་རྒྱུའི་ཕྱོགས་སུ་བསྒྱུར་ཡོད། དེ་ལ་བརྟེན་ནས་བཙན་བྱོལ་བོད་མི་མང་པོ་ཞིག་ནུབ་ཕྱོགས་སུ་བསྐྱོད་ནས་རང་མགོ་རང་ཐོན་བྱ་རྒྱུའི་བསམ་བློ་བཏང་ཞིང། དུས་དེ་ནས་བཟུང་ལས་འགུལ་དང་འཐབ་རྩོད་ཀྱི་ངར་ཤུགས་ཀྱང་རིམ་བཞིན་ཉམས་མགོ་ཚུགས་ཡོད།
ད་ལྟའི་དུས་འདིར་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཉེས་ཅན་པའི་གྲས་སུ་བརྩི་ཞིང་རྒྱ་དམར་པོའི་དར་ཆ་དགུང་དུ་འཕྱར་མཁན་དག་གི་ངོ་སོ་དང་རིན་ཐང་ནི་ཅི་བས་ཀྱང་ཆེ་བ་ཞིག་ཏུ་གྱུར་ཡོད་ལ། རྒྱ་དམར་གཞུང་གི་འོག་ཏུ་མ་འོངས་པར་སྡོད་རྒྱུའི་དྲིལ་བསྒྲགས་དང་སློབ་གསོ། ཐ་ན་སློབ་གྲྭ་ཁག་གི་གླུ་གཞས་ཡན་ཆན་དེའི་ཕྱོགས་སུ་བསྒྱུར་ནས། བོད་མི་མང་ཆེ་བའི་བསམ་བློའི་ནང་དུ་ཐབས་ཤེས་གང་དྲག་གིས་ཤུགས་རྐྱེན་ཐེབས་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད། དཔེར་ན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སམ། རྒྱ་དམར་གཞུང་གི་འོག་ཏུ་བསྡད་ན་ཁེ་ཕན་ཡོད་པའི་སྐོར་མི་མང་ལ་སློབ་གསོ་རྒྱག་བཅུག་སྟེ་དད་པ་དང་དམ་ཚིག་ལ་བརྟེན་ནས་མི་མང་གི་ཀླད་པ་འཁྲུ་བའི་ལས་འགུལ་ཡང་གཞུང་ངོས་ནས་སྤེལ་བཞིན་ཡོད། སྔོན་མ་བཙན་བྱོལ་ནང་གཞོན་སྐྱེས་དག་གི་མིག་དཔེ་བལྟ་ས་རྣམས་དེང་སྐབས་ཐུ་ལུད་རྒྱག་ཡུལ་ཞིག་ཏུ་སྒྱུར་གང་ཐུབ་བྱེད་བཞིན་པ་ནི། བཙན་བྱོལ་བོད་པའི་ཆབ་སྲིད་ཀྱི་འགྱུར་འགྲོས་སམ་ཉམས་ཆག་ཆེན་པོ་ཞིག་ཏུ་གྱུར་ཡོད།
ཆབ་སྲིད་གཅིག་པུ་མ་ཡིན་པར་བཙན་བྱོལ་བོད་པའི་སློབ་གསོའི་ཁ་ཕྱོགས་སམ་སློབ་གསོའི་དམིགས་འདུན་ཡང། ཡུན་རིང་སློབ་གསོའི་ཐོག་ནས་ནུས་པ་འདོན་མཁན་ཁག་ཅིག་གིས་བཀའ་སློབ་གནང་སྟངས་ལ་བལྟས་ན། བུ་ཕྲུག་རྣམས་ཤེས་ཡོན་དང་འཇོན་ཐང་ཅན། སེམས་ཤུགས་ཅན། བསམ་ཕོད་པ་དང། བཤད་ཕོད་པ། སྒྲུབ་ཕོད་པ་བཅས་ཕོད་པ་གསུམ་ལྡན་གྱི་མི་རབས་གསར་པ་ཞིག་སྐྱེད་སྲིང་བྱེད་རྒྱུ་དེ་མ་ཡིན་པར། གསོ་སྐྱོང་བྱེད་མཁན་དག་གི་བཀའ་ལ་ཉན་རྐྱང་དང། མཛུབ་མོས་གར་བསྟན་ཤར་བྱེད་མཁན་གྱི་མི་རབས་གསར་པ་ཞིག་སྐྱེད་སྲིད་བྱེད་རྒྱུ་དེ་ཡིན་པ་ལྟ་བུ་འདུག དོན་དངོས་སློབ་གསོའི་མཇུག་འབྲས་ཀྱི་ཐོག་ནས་ཀྱང་དེ་ལྟ་བུའི་མི་རབས་ཤིག་དང། བཟང་པོ་ལ་བཟང་ལན་དང། ངན་པ་ལ་ངན་ལན་མེད་པའི་མི་བཏང་སྙོམས་ཅན། ལེ་ལོ་ཅན། ཕུགས་འདུན་དང་བསམ་བློའི་ཁ་ཕྱོགས་བརྟན་པོ་མེད་པ་མང་པོ་ཞིག་སླེབས་བཞིན་ཡོད་པ་ནི། བཙན་བྱོལ་བོད་པའི་སློབ་གསོའི་ཐོག་འགན་ཁུར་མཁན་དག་གི་བྱས་ཉེས་འབའ་ཞིག་ཏུ་ངོས་འཛིན་བྱེད་ཆོག་པ་ཞིག་རེད།
བཙན་བྱོལ་ནང་ཐོག་མ་སློབ་སྦྱོང་གི་གོ་སྐབས་རག་མཁན་རྣམས་ཀྱི་ནང་ནས་མང་ཆེ་བ་ཞིག་ལ་སློབ་ཐོན་ལག་འཁྱེར་རྫིག་པོ་དེ་ཙམ་ཁུར་རྒྱུ་མེད་ཀྱང། སྐད་ཡིག་དང་བསམ་བློའི་ཆུ་ཚད་མཐོན་པོ་ཡོད་མཁན། ལྷག་པར་དུ་མི་རེ་ངོ་རེའི་བསམ་བློ་དང་སྟོབས་ཤུགས་ལ་བརྟེན་ནས་བོད་མི་རིགས་ཀྱི་ཡ་ང་བའི་གནས་སྟངས་འདི་ལས་སྐྱོབ་དགོས་པའི་བསམ་ཚུལ་ཡོད་མཁན་མང་པོ་ཞིག་མཐོང་རྒྱུ་ཡོད། དེའི་ནང་ནས་དཔེ་མཚོན་གཅིག་ནི་ཉེ་ཆར་སྐུ་གཤེགས་པ་བོད་དབྱིན་ཧིན་གསུམ་གྱི་སྐད་ཡིག་ལ་བྱང་ཆུབ་ཅིང། ཆབ་སྲིད་དང་རིག་གནས་ཀྱི་ཐོག་ནས་མཁྱེན་དཔྱོད་ཡངས་པ་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་ལྟ་བུ་ལ་མཚོན་ན་མི་ཚེ་གང་ལ་རང་གི་ལྟོ་གོས་ལས། བོད་སྤྱི་པའི་རྩ་དོན་གཙོ་བོར་འཛིན་མཁན་ཞིག་ཡིན་པ་དང། ཁོང་དང་ཁོང་ལྟ་བུའི་ཤེས་ལྡན་མི་སྣ་དང་སེམས་ཤུགས་ཅན་མང་པོ་ཞིག་ད་ལྟའི་ཆར་རེ་ཟུང་མངོན་གསལ་དང། མང་ཆེ་བ་མངོན་པར་མི་གསལ་བའི་ཐོག་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གང་སར་ཁྱབ་ནས་བསྡད་ཡོད།
འོན་ཀྱང་ཡོད་ཚད་སྤྱི་དོན་གྱི་ཆེད་དུ་བསྐྱལ་བའི་མི་སྣ་དག་ལ་བལྟས་ན་མི་ཚེའི་མཇུག་འབྲས་ནི་རང་ཉིད་ཁོ་ན་ལ་གྱོང་གུད་བཏང་བ་ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། གོང་དུ་དྲངས་པའི་དཔེ་མཚོན་མི་སྣ་དེ་ལ་གཞིགས་ན་བཙན་བྱོལ་ནང་སྤྱི་པའི་ལས་དོན་སྣ་མང་བསྒྲུབས་ཡོད་པ་དང། སྐབས་ཁ་ཤས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཡང་བྱེད་མྱོང། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཆར་ཅན་གྱི་བྱེད་སྟངས་ལྟ་བུ་ལས་དམིགས་བསལ་གང་ཡང་མཐོང་རྒྱུ་མི་འདུག ང་ཚོའི་སྤྱི་ཚོགས་ཀྱི་གཞི་རིམ་བསམ་བློའི་སྒྲོམ་གཞི་འདི་དག་ལ་རེ་རེ་བཞིན་རྒྱུས་མངའ་ལོན་ཡོང་དུས་མ་འོངས་པར་རེ་བ་ཆེན་པོ་ཞིག་གང་ཡང་མངོན་མི་ཐུབ་པ་དང། གཅིག་སྒྲིལ་གྱི་ཁ་གཡང་འདི་དག་ཀྱང་བསངས་མཆོད་སྐབས་ཀྱི་འདོད་གསོལ་དག་དང་གཉིས་སུ་མ་མཆིས་པ་ཞིག་ལས་རིན་ཐང་དེ་ཙམ་མི་འདུག དེར་བརྟེན་འཐབ་རྩོད་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་གི་ངོས་ནས་གནད་དོན་འདི་དག་ལ་སྣང་ཆུང་བཏང་ན་ནམ་ཞིག་གྱོང་གུད་དེ་སྤྱི་པ་ཁོ་ནར་རག་ངེས་རེད།།