མི་ཞིག་གི་གྲོངས་རྐྱེན་དེ་མཁའ་རླུང་སྦག་བཙོག་ཡིན་པ་ལོ་རྒྱུས་ནང་ཐག་གཅོད་ཐེངས་དང་པོ་བྱས།
འཛམ་གླིང་ནང་དུ་མཁའ་རླུང་སྦག་བཙོག་ལ་བརྟེན་ནས་མིའི་ལུས་པོར་ན་ཚ་མང་པོ་ཞིག་འབྱུང་གི་ཡོད་པ་ཡོངས་གྲགས་ཡིན་ཡང་། ད་བར་དུ་མཁའ་རླུང་སྦག་བཙོག་དེ་མི་ཞིག་གྲོངས་རྐྱེན་དུ་ངོས་འཛིན་ཐག་གཅོད་བྱས་པ་བྱུང་མེད་པས། ཐེངས་འདིར་བུད་མེད་ལོ་ཆུང་ཞིག་གྲོངས་རྐྱེན་ནི་མཁའ་རླུང་སྦག་བཙོག་ཡིན་པ་ཐག་གཅོད་བྱུང་ནས། ཐག་གཅོད་དེ་ནི་འཛམ་གླིང་གི་གཞུང་ཁག་དང་མི་མང་ཚོར་བརྡ་ལན་གསར་པ་ཞིག་དང་། ཤུགས་རྐྱེན་ལྡན་པའི་ཐག་གཅོད་གཅིག་ལ་ངོས་འཛིན་བྱེད་བཞིན་འདུག
ཟླ་༡༢ པའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དབྱིན་ཡུལ་རྒྱལ་ས་ལོན་ཀྲོན་གྱི་ལྷོ་ཤར་ཁུལ་དུ། དེ་སྔ་ཕྱི་ལོ་༢༠༡༣ ལོར་དབུགས་འཚང་ན་ཚ་ཡོད་པའི་ཕྲུ་གུ་བུ་མོ་ལོ་ན་༩ ཡིན་པ་ཨཱི་ལཱ་(Ella Kissi-Debrah) སྙིང་ཁྲག་འགག་ནས་གྲོངས་ཡོད་འདུག་པ་དང་། ཉེ་ཆར་ལོ་ངོ་༧ གྱི་རྗེས་སུ་བུད་མེད་དེའི་ཨ་མས་ལས་འགུལ་བསྟུད་མར་སྤེལ་རྗེས་སུ། གཞུང་གི་མི་གྲོངས་རྐྱེན་ཞིབ་དཔྱོད་པ་ཡིས་བུད་མེད་ཕྲུ་གུ་དེའི་གྲོངས་རྐྱེན་ནི་མཁའ་རླུང་སྦག་བཙོག་ཡིན་པ་ཐག་གཅོད་བྱས་འདུག
དབྱིན་ཡུལ་གྱི་དབུགས་འཚང་དང་གློ་བའི་རོགས་ཚོགས་ཀྱིས། ཨཱི་ལཱ་ནི་འཛམ་གླིང་གི་ལོ་རྒྱུས་ནང་དུ་གྲོངས་རྐྱེན་ཡིག་ཆའི་ནང་དུ་མཁའ་རླུང་སྦག་བཙོག་བཀོད་པ་ཐེངས་དང་པོ་ཡིན་སྐོར་བརྗོད་འདུག
དེ་ཡང་གཞུང་གི་མི་གྲོངས་རྐྱེན་ཞིབ་དཔྱོད་པའི་ཐག་གཅོད་དེ་ལ་བརྟེན་ནས། དབྱིན་ཡུལ་དང་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་མཁའ་རླུང་སྦག་བཙོག་འཐབ་རྒོལ་བྱེད་ཆེད་ཀྱི་ཁྲིམས་གསར་པ་ལག་བསྟར་སོགས་ཀྱི་ལས་དོན་གསར་པ་མང་པོ་ཞིག་ཡོང་བར་ཤུགས་རྐྱེན་ཐེབས་སྲིད་པ་རེད་འདུག ཞིབ་དཔྱོད་པས་ཕྲུ་གུ་ཨཱི་ལཱ་ནི་མཁའ་རླུང་སྦག་བཙོག་ཚབས་ཆེན་གྱི་རྐྱེན་པས་དབུགས་འཚང་ནས་གྲོངས་ཡོད་པ་དང་། མཁའ་རླུང་སྦག་བཙོག་གིས་མོ་ལ་དབུགས་འཚང་ན་ཚ་བཟོས་ཡོད་པ་མ་ཟད། ན་ཚ་དེ་ཚབས་ཆེ་རུ་བཏང་ཡོད་པ། དེ་ཡང་ཕྱི་ལོ་༢༠༡༠ ནས་༢༠༡༣ བར་མོ་ནད་པ་ཆགས་པའི་དུས་ཡུན་རིང་། མོ་རང་གནས་སྡོད་ཁུལ་གྱི་མཁའ་རླུང་སྦག་བཙོག་གི་ཚད་གཞི་ནི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལམ་སྟོན་ཚད་གཞི་ལས་ཆེ་བ་བརྒལ་ཡོད་པ་དང་། མོ་ལ་མཁའ་རླུང་སྦག་བཙོག་རྔུབ་བཅུག་བྱེད་གཙོ་བོ་ནི་རླངས་འཁོར་མང་པོ་ནས་ཐོན་པའི་དུག་རྫས་ཡིན་པ་ཐག་གཅོད་བྱས་འདུག
རྒྱལ་ས་ལོན་ཀྲོན་གྱི་སྤྱི་ཁྱབ་དཔོན་གྱིས། ཐག་གཅོད་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཡིན་པ་དང་། གྲོངས་ཟིན་པའི་བུད་མེད་ལོ་ཆུང་དེའི་ཨ་མ་ཡིས་ལོ་མང་རིང་སེམས་ཤུགས་ལྡན་པའི་ཐོག་ནས་ལས་དོན་དེའི་ཆེད་དུ་ཞུ་གཏུག་ལས་འགུལ་སྤེལ་བར་བསྟོད་བསྔགས་བྱས་ཏེ། མཁའ་རླུང་སྦག་བཙོག་དེ་ནི་སྤྱི་དམངས་འཕྲོད་བསྟེན་གྱི་ཛ་དྲག་གནད་དོན་ཞིག་ཡིན་པ་དང་། ལྷག་པར་དུ་བྱིས་པ་ཚོར་ཛ་དྲག་ཆེན་པོ་ཆགས་ཀྱི་ཡོད་པས། མ་འོངས་པར་ནང་མི་གཞན་གྱི་ཕྲུ་གུར་དཀའ་སྡུག་དེ་འདྲ་མ་འཕྲད་པའི་ཆེད་དུ་ཐེངས་འདིའི་ཐག་གཅོད་དེ་ནི་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག
དབྱིན་ཡུལ་གཞུང་གི་མགྲིན་ཚབ་པས་འདས་པོ་ཨཱི་ལཱའི་ནང་མི་དང་གྲོགས་པོ་གྲོགས་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་ཁར། གཞུང་གིས་རླངས་འཁོར་གྱི་རྐྱེན་པས་མཁའ་རླུང་སྦག་བཙོག་ཆགས་ཀྱི་ཡོད་པའི་གནས་སྟངས་དེར་འགྱུར་བ་གཏོང་ཆེད་དུ་དབྱིན་སྒོར་ཐེར་འབུམ་༣.༨ གྱི་ལས་འཆར་ཞིག་ལག་བསྟར་བྱེད་བཞིན་ཡོད་པ་དང་། དེ་བཞིན་མི་མང་རྣམས་མཁའ་རླུང་སྦག་བཙོག་ལས་སྲུང་སྐྱོབ་བྱེད་ཆེད་དུ་མཁའ་རླུང་གི་ཚད་གཞི་གསར་པར་སླེབས་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་སྐོར་བརྗོད་འདུག
ཨཱི་ལཱའི་ཨ་མས་མོའི་ཕྲུ་གུར་འོས་པའི་དྲང་བདེན་ཐོབ་ཡོད་པ་དང་། ཐག་གཅོད་དེ་ནི་ད་ལྟ་ཡང་མཁའ་རླུང་སྦག་བཙོག་ཚད་མཐོའི་ནང་དུ་གནས་བཞིན་པའི་ཕྲུ་གུ་རྣམས་ཀྱི་ཆེད་དུ་ཡང་ཡིན་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།