མི་འབོར་ས་ཡ་༢.༨ ལས་མེད་པའི་རྒྱལ་ཁབ་ཅིག་གིས་རྒྱ་ནག་གི་ཆོས་ལུགས་དྲག་གནོན་ལ་སྐྱོན་བརྗོད་བྱས། 

ཡུ་རོབ་ཀྱི་རྒྱལ་ཁབ་ཆུང་ཆུང་ལི་ཐུའུ་ནི་ཡའི་(Lithuania) གྲོས་ཚོགས་འཐུས་མི་༢༩ དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་གཅིག་བཅས་ཁྱོན་བསྡོམས་འཐུས་མི་སུམ་ཅུས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་འབོད་སྐུལ་ཞུ་ཡིག་ཅིག་བཏང་ནས། རྒྱ་ནག་གིས་ཆོས་ལུགས་ཚང་མ་རྩ་མེད་བཟོ་བའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ཡོད་འདུག 

དེ་ཡང་རེ་སྐུལ་ཞུ་ཡིག་དེ་ཟླ་འདིའི་ཚེས་༡༠ ཉིན་ལི་ཐུའུ་ནི་ཡའི་གྲོས་ཚོགས་ཀྱི་ཚོགས་མི་དེ་དག་གིས་མཚན་རྟགས་བཀོད་དེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་བཏང་འདུག་པ་དང་། ཚེས་༡༤ ཉིན་རྒྱ་ནག་གི་གནས་སྟངས་དམིགས་སུ་བཀར་ནས་ཁྱབ་སྤེལ་བྱེད་མཁན་གྱི་གསར་ཁང་སྟེ། Bitter Winter ཡིས་གནས་ཚུལ་དེའི་སྐོར་བཀོད་པ་རེད།

མི་འབོར་ས་ཡ་༢.༨ ལས་མེད་པའི་རྒྱལ་ཁབ་ཆུང་ཆུང་ལི་ཐུའི་ནི་ཡའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་བཏང་བའི་རེ་སྐུལ་ཞུ་ཡིག་དེའི་ནང་དོན་ཚན་༡༠ འཁོད་འདུག་པ་ལས། གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པས་ཤར་ཏུར་ཁི་ཐན་གྱི་ཁ་ཆེ་དང་། བོད་ཀྱི་ནང་པ། དེ་བཞིན་རྒྱ་ནག་གི་ཧྥ་ལོང་ཀོང་(Falun Gong) དང་། ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲང་རྣམས་ལ་དྲག་གནོན་ཚད་མེད་བྱེད་བཞིན་པ་མ་ཟད། ལོ་རྒྱུས་དང་རིག་གཞུང་རྩ་མེད་དང་། དགོན་པ་དང་སྐུ་འདྲ་གཏོར་བཤིག ཆོས་ཀྱི་ཕྱག་དཔེ་དང་ཡོ་བྱེད་རྣམས་གཞུང་བཞེས་སོགས་བྱས་ཏེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་རང་དབང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་བྱས་པའི་ཐོག ཆོས་ལུགས་རང་དབང་བརྩི་སྲུང་དགོས་པ་དང་། ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པ། ཆོས་ལུགས་ལ་གཏོར་སྐྱོན་བྱེད་མཚམས་འཇོག་དགོས་པ། ཡུ་གུར་དང་བོད་མི་ལ་དྲག་གནོན་དང་མི་རིགས་རྩ་མེད་བཟོའི་ལས་འགུལ་གྱི་མཚམས་འཇོག་དགོས་པ། བཙོན་དུ་བཅུག་པའི་ཡུ་གུར་བ་ས་ཡ་གཅིག་ལྷག་ཡོད་པ་གློད་གྲོལ་དགོས་པ་བཅས་བཀོད་ཡོད་འདུག། །

གསར་འགོད་པ་དཀོན་མཆོག་རབ་བརྟན།