མི་ཡི་ཀླད་པ་ནང་མི་འཛུལ་བ་ནི་དབྱེ་འབྱེད་དཀའ།

དར་ལྕེ་ཟད་པོ།

སྤྱི་ཚོགས་གོ་རྟོགས་རབ་དང་ཕུལ་དུ་བྱུང་བ་ནི་ཆབ་སྲིད་པ་འདི་དག་ཡིན་ཞིང་།   ཁོང་ཚོས་མི་ཞིག་ལ་སྐད་ཆ་གང་བཤད་དགོས་འཚམས་པོ་ཤེས་པས་གོ་རྟོགས་མེད་པའི་མི་ཡི་ཀླད་པ་ནང་འཛུལ་ནས་འོས་ཀྱི་རང་དབང་འཕྲོག་འགྲོ་བ་རེད།
ཆབ་སྲིད་པ་རྣམས་འཛུལ་ས་ཤེས་ཡོན་དང་གོ་རྟོགས་ཀྱི་བདག་པོས་བོར་བའི་ཀླད་ཁྱིམ་སྟོང་པ་རྣམས་ཡིན་ཞིང་།  བདག་པོས་བོར་བའི་ཀླད་ཁྱིམ་སྟོང་པ་ལ་ཁ་ལོ་བ་མང་པོ་འཚང་ཁ་བརྒྱབ་ནས་འཛུལ་འོང་ལ། འཛུལ་ཐུབ་པའི་རྗེས་ནས་ཁོ་རང་གི་འདོད་པ་གང་ཡོད་པ་སྒྲུབ་སྤྱད་བྱས་ནས་འདོད་པ་མ་འགྲུབ་ཀྱི་བར་དེར་སྤྲེལ་ལད་དང་བསྟོད་བསྔགས་མང་པོ་འཐེན་གྱི་རེད།  རབ་ཏུ་བྱུང་ན་དབང་ཆའི་རྐུབ་སྟེགས་འགའ་ལ་འཇོག་སྲིད་པ་རེད། འདོད་དོན་གྲུབ་རྗེས་འབུ་སྲིན་ཞིག་གི་འདུ་ཤེས་ལ་མི་འཇོག་པ་རེད།  འོན་ཏེ་གང་ཟག་རང་གི་ཀླད་པ་གཞན་ལ་ཤོར་ཚར་བ་རེད།  དེ་ནས་མཐར་ཐུག་གང་དུ་གཡུག་འོང་རང་གིས་མི་ཤེས་ལ།  གཡུགས་ཚར་བའི་རྗེས་ལ་གཞི་ནས་ཤེས་ཀྱང་ཕྱིར་བཤོལ་རྒྱག་ས་མེད་པར་འགྱུར་བས་ཐོག་མར་རང་ཚུགས་ཐུབ་པ་བྱ་དགོས་མོད་ཅུང་ཟད་དཀའ་བ་རེད།  ཆབ་སྲིད་ཀྱི་གོ་རྟོགས་དང་མི་ཡི་ལེགས་ཉེས་འབྱེད་པའི་ཤེས་རབ་རང་སྐྱ་ཐུབ་པའི་མི་ཞིག་ཡིན་ན་རང་གི་ཀླད་པ་ལ་བདག་པོ་ཡོད་པས་ཆབ་སྲིད་པ་རྣམས་འཛུལ་སའི་གོ་སྐབས་མི་རྙེད་པ་རེད།

མི་ཡི་ཀླད་པ་ལ་འཛུལ་མཁན་ཆབ་སྲིད་པ་ཚང་མ་སྡུག་པོ་རེད་ཅེས་ནམ་ཡང་བཤད་མི་ཤེས་པ་ཡིན་ཏེ།  ཤེས་ཡོན་ཅན་ནམ་ཆབ་སྲིད་པ་འདི་དག་ལ་རིགས་གཉིས་ཡོད་རེད།   འཛམ་གླིང་ཁྲག་ལྟར་དཀྲུག་མཁན་ནི་ཤེས་ཡོན་ཅན་འདི་དག་རེད་ལ།   ཞོ་ལྟར་ཞི་བདེར་ཆགས་སུ་འཇུག་མཁན་ཡང་ཤེས་ཡོན་ཅན་རེད།  རྒྱལ་ཁབ་གང་ཞིག་གི་ཆབ་སྲིད་སྲ་བརྟན་འཛུགས་མཁན་ནི་ཤེས་ཡོན་ཅན་རེད་ལ།  ཇུས་ཤོར་མང་ཆེ་བ་ཤེས་ཡོན་པ་འགོ་ལ་འཇོག་མ་ཐུབ་པའི་ཉེས་པའམ་ཡང་ན་ཤེས་ཡོན་པས་འདང་རྒྱག་ནོར་སོང་བའི་ལན་པ་རེད།   མགོ་ལེབ་དེ་དག་གིས་དཀྲུགས་ཤིང་རེ་བཞག་པའི་མཇུག་འབྲས་ལོ་ངོ་སྟོང་ཕྲག་གི་རྗེས་སུ་འཛམ་གླིང་འཁྲུག་སྲིད་པ་རེད།  འཁྲུག་སློང་དེ་དག་འདུམ་མཁན་ཡང་འདི་དག་ཡིན་པས་ཁོང་ཚོ་མི་དམངས་ཀྱི་ཀླད་པ་ལ་འཛུལ་ནས་སློབ་གསོ་ལ་བརྟེན་ནས་ལས་ཀ་མ་བྱས་ན་མི་དམངས་མང་ཆེ་བས་གནད་འགགས་ཆེ་ས་ནས་བྱེད་མི་ཤེས་པས་གྲུབ་འབྲས་མི་ཐོན་པ་རེད།   ཤེས་མེད་འདི་དག་གིས་རང་ཤེད་ཀྱིས་ལས་ཀ་བྱས་ན་མི་རབས་ནས་མི་རབས་བར་དུ་གསོ་ཐབས་བྲལ་བའི་བྱས་ཉེས་ཤོར་བ་མངོན་གསལ་རེད།
འོ་ན་རང་ཅག་རྣམས་ཀྱིས་ཆབ་སྲིད་པ་ཡག་ཉེས་ཀྱི་དབྱེ་བ་ཇི་ལྟར་འབྱེད་དགོས་བསམ་ཞེ་ན།    རྩོམ་ཡིག་ཐར་ཐོར་འབྲི་ཤེས་པ་དང་། སློབ་གྲྭ་ཆེན་མོ་དང་། དགེ་བཤེས་དང་། མཁན་པོ་སོགས་ཀྱི་མིང་སྙན་པོ་རེ་བཏགས་པ་ཙམ་ལ་ཡིན་སྣང་ཤར་མི་ཉན།    སྐད་ཡིག་ཐན་ཐུན་དང་། ནང་ཆོས་ཀྱི་གཞུང་ཚིག་རེ་ཟུང་གི་ཚིག་འགྲེལ་སྙན་པོ་རེ་རྒྱག་ཐུབ་མོད།    དེ་ཙམ་གྱིས་དོན་དམ་གྱི་བསམ་བློའི་གོ་རྟོགས་གཏིང་སད་ཐུབ་པས་ཁྱབ་པ་ཡོད་མ་རེད།

གོ་རྟོགས་གཏིང་མ་ཡོད་པའི་གང་ཟག་ཞིག་ཏུ་འགྱུར་པ་ལ་དཔེ་དེབ་ཀློག་པ་ཆ་རྐྱེན་གལ་ཆེན་ཞིག་ཡིན་རུང་། གཞི་རྩ་ནི་མི་དེའི་སྐྱེས་སྟོབས་ཀྱི་ཤེས་རབ་ལ་ཧ་ཅང་རག་ལས་པ་ཡིན།   སྐྱེས་སྟོབས་ཤེས་རབ་རྣོན་པོ་ཡོད་པ་གང་ཞིག་ལ་སྦྱངས་སྟོབས་ཤེས་རབ་ཡོད་ན་དངོས་གནས་ཤེས་ལྡན་པའི་གྲལ་དུ་ཚུད་པ་དང་།   རང་རྒྱལ་གཞན་ཕམ་གྱི་ལས་ལ་འཇུག་དགོས་ན་མགོ་ལེབ་འདི་དག་མེད་ན་མེད་ཐབས་མེད་ལ།   མ་འོངས་པར་ཕུགས་རྒྱང་རིང་པོར་འདང་རེ་རྒྱག་དགོས་ན་ཁོང་རྣམ་པའི་ཆར་གཞིའི་འོག་ཏུ་མ་སོང་ཞིང་།   ཁྱིམ་མཚེས་ཤིག་ཕྱུག་པོར་འགྱུར་དུས་རྐང་པ་འཐེན་པ་ལ་ནུས་ཤུགས་ཡོད་ཚད་སྒྲིམ་མཁན་དང་།  རང་དང་ཉེ་སའི་མི་ཞིག་མཁས་པར་འགྱུར་བ་མཐོང་དུས་གོ་སྐབས་འགོག་པ་ལ་འཇམ་དཔལ་དབྱངས་ལས་བློ་རིག་རྒོད་པ་འདི་དག་ལ་བློ་དྲིས་ནས་འོས་བླུགས་ན་ཁང་པ་མ་ཐོན་པའི་སྔོན་ནས་བཟའ་ཚང་འཐོར་རྒྱུ་རང་རེད།
འོས་བླུག་སྟངས་རབ་ནི།  མི་རིགས་ཀྱི་ཁེ་ཕན་གྱི་ཆེད་དུ་ཕུགས་རྒྱང་ཧ་ཅང་རིང་པོ་བསམ་བློ་འཁོར་ཐུབ་པ་དང་ལྷག་བསམ་གྱིས་རང་དོན་ལ་ཇི་མི་སྙམ་པའི་བློས་བཏང་ཐུབ་མཁན་གྱི་ཀླད་རྒྱ་ཡོད་མཁན་གྱི་མི་བུ་མགོ་ལེབ་དག་ལ་འོས་བླུག་དགོས་པ་ཡིན།
དེ་ལྟར་བླུག་པ་ལ་བསམ་མནོ་རང་སྐྱ་ཕེར་བ་དང་ཤེས་ཚད་ཅུང་ཟད་དགོས་པས་ཁག་པོ་ཡིན།   ཆབ་སྲིད་པ་ཐམས་ཅད་ཀྱི་ཁ་ནས་སྙན་པོ་བཤད་མཁན་ཤ་སྟག་ཡིན་པས་དབྱེ་བ་ཕྱེ་ཐུབ་པ་ཁག་པོ་ཡིན་པས། དེའི་བར་དུ་རང་གི་ཀླད་པ་ལ་ཟང་ཟིང་དེ་དག་འཛུལ་སྲིད་པས་སུ་གང་གི་ཁ་ལ་མི་ཉན་པར་རང་ལ་དབང་བའི་འོས་ཤོག་ཁེ་ར་མ་དེ་ཁ་ཁུ་སུམ་པོའི་ངང་ནས་རང་གིས་སུ་འོས་པར་མཐོང་ན་དེ་ལ་བླུག་ན་འོས་བླུག་སྟངས་འབྲིང་པོ་དེ་ཡིན།
རང་ལ་བླང་དོར་གྱི་དཔྱད་འཇོག་ཅི་ཡང་མེད་པ་མི་གཞན་གྱིས་གཡམ་ལ་རྒྱུགས་ནས་འོས་བླུགས་པ་དང་། དེང་སྐབས་རྒྱ་གར་སོགས་ལ་ཡང་སྒོར་མོ་ལ་ལྟ་ནས་འོས་བླུག་པ་སོགས་ནི་འོས་བླུག་སྟངས་ཐ་མ་དེ་ཡིན།  མདོར་ན་སྤྱི་ཚོགས་ལ་ཟིང་གང་ཡང་མ་སློང་བའི་ཐོག་ནས་རང་གིས་གང་འོས་པར་མཐོང་ན་དེ་ལ་འོས་བླུག་པ་ནི་རང་གི་ཀླད་པ་རང་གིས་བདག་ཏུ་བཟུང་ཐུབ་པ་ཡིན་པས་འགྲིག་པ་རེད་ཟེར་བ་ཡིན།