མི་རབས་གསར་པ་དང་བོད་ཀྱི་རེ་བ།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༩༦)
ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཧྥ་རན་སིར་ཡོང་སྐབས་བཙན་བྱོལ་བོད་མི་རྣམས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་། ལས་འགུལ་འདིར་བོད་མི་གང་མང་མཉམ་ཞུགས་བྱས་ཡོད་པ་མ་ཟད། ལྷག་པར་དུ་ན་གཞོན་གང་མང་ཞིག་གིས་སྣེ་ཁྲིད་བྱས་པ་ནི་བོད་ཀྱི་འཐབ་རྩོད་ལ་རེ་བ་ཆེན་པོར་གྱུར་ཡོད། ད་ལོའི་གསུམ་བཅུའི་དུས་དྲན་ཡང་འདས་པའི་ལོ་བཅུ་ཕྲག་ལྷག་དང་མི་འདྲ་བར་ངོ་རྒོལ་གྱི་ཁ་ཕྱོགས་དང་། གཅིག་གྱུར་གྱི་རྣམ་པ་གསར་པ་ཞིག་མཐོང་སོང་བས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོང་བྱུང་བའི་ན་གཞོན་དག་གིས་རྩ་དོན་འཐབ་རྩོད་ལ་འགན་ཁུར་ཆེན་པོ་ལེན་ཐུབ་པའི་ནུས་པ་དང་སེམས་ཤུགས་ཡོད་པ་མཐོང་གི་འདུག ཤེས་ཡོན་དང་སེམས་ཤུགས་ཅན་འདི་དག་གི་སྙིང་སྟོབས་ཀྱི་མེ་ལྕེ་མཆེད་བཞིན་པའི་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་འགོ་འཁྲིད་རྣམ་པ་དང་། རང་མོས་འགོ་འཁྲིད་རྣམས་ཀྱིས་༧གོང་ས་མཆོག་གི་མཚན་བེད་སྤྱོད་བྱས་ནས་མེ་འབར་བའི་སྒང་ལ་ཆུ་གྲང་མོ་བཤོ་མི་རུང་བ་དེ་གལ་ཆེན་པོར་གྱུར་ཡོད།
ཕྱི་ལོ་༢༠༠༢ ཙམ་ནས་བོད་རྒྱའི་འབྲེལ་བ་ཡིན་ལ་མིན་ལ་ཙམ་ཞིག་བྱུང་བ་ནས་བཟུང་། རྒྱ་གཞུང་གི་དགོས་འདུན་བཞིན་རྒྱ་གཞུང་གི་དཔོན་རིགས་རྣམས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མི་ཆོག་པ་དང་། གསུམ་བཅུའི་དུས་དྲན་སོགས་ཀྱི་སྐབས་ཀྱང་། “བྱང་ཆུབ་སེམས་མཆོག་རིན་པོ་ཆེ།། མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག།། སྐྱེས་པ་ཉམས་པ་མེད་པ་ཡང་།། གོང་ནས་གོང་དུ་འཕེལ་བར་ཤོག།།”ཅེས་ངོ་རྒོལ་ལས་འགུལ་སྐབས་ཡོངས་ཁྱབ་ཏུ་འདོན་དགོས་པའི་བཀོད་ཁྱབ་སྤེལ་ནས་ད་ལྟའི་ཆར་ཡང་སྤྱི་ཚོགས་ནང་མུ་མཐུད་ལས་འགུལ་དེའི་མཇུག་མ་ལྷག་ཡོད། ཆབ་སྲིད་ལས་འགུལ་དང་ལྷག་པར་འཐབ་རྩོད་ཀྱི་ལས་འགུལ་ནང་། བདག་ལས་གཞན་གཅེས་དང་འབྲེལ་བའི་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་རྒྱུད་ལ་སྐྱེ་བའི་སྨོན་ལམ་བཏོན་པ་ཙམ་གྱིས་ཕན་ཐོགས་པ་ཞིག་མ་རེད་ལ། འདི་ལ་བརྟེན་ནས་ཆོས་ཕྱོགས་ཀྱི་སྨོན་ལམ་ཁྱད་པར་ཅན་འདི་ཡང་ཆབ་སྲིད་ཀྱི་འབོད་ཚིག་ཙམ་དུ་བསྒྱུར་ནས་ཆོས་མིན་སྲིད་མིན་ནུས་པ་གང་ཡང་མེད་པ་ཞིག་ཏུ་བསྒྱུར་སོང་།
གང་ལྟར་༢༠༠༨ ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ལམ་ལྷོང་ཡོང་ཆེད་རྒྱལ་སྤྱིའི་ཁ་ཕྱོགས་གལ་ཆེན་པོ་ཡིན་པ་དང་། རྒྱ་དམར་གཞུང་གིས་ཨོ་རྩལ་འགྲན་ཚོགས་རྩོད་རྙོག་ཆེན་པོ་མེད་པར་ལམ་ལྷོང་ཡོང་ཆེད་བཙན་བྱོལ་བོད་གཞུང་དང་འབྲེལ་བ་མཐུད་ཙམ་བྱས་ཤིང་། རྩེད་འགྲན་དེ་གྲུབ་རྗེས་ནས་འབྲེལ་བ་དེ་ཡང་མུ་མཐུད་ཉར་བའི་དགོས་མཁོ་མ་མཐོང་བས་མཚམས་བཞག་ཡོད། འོན་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དེའི་མཇུག་འབྲས་ལ་བརྟེན་ནས་རྩ་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ཀྱང་རྩོད་གཞིར་གྱུར་ཅིང་། དེ་ཡང་༧གོང་ས་མཆོག་ལ་དད་གུས་ཡོད་མེད་དང་། བོད་རྒྱལ་ཁབ་སླར་གསོའི་ཆེད་སེམས་ཤུགས་དང་ལར་ཞེན་ཡོད་མེད་ལ་འབྲེལ་བ་བཏགས་ནས་རྩོད་རྙོག་ཆེན་པོ་ཆགས། རིམ་པས་མགོ་བདེ་དྲན་འཕྲུལ་ཅན་དག་གིས་གང་ཟག་སྒེར་སོ་སོའི་ཁེ་ཕན་དང་གོ་སྐབས་སུ་བསྒྱུར་ནས་བཙན་བྱོལ་ནང་བོད་དོན་འཐབ་རྩོད་ལ་ཉམས་ཆག་ཆེན་པོ་བྱུང་བ་ནི། དགྲ་བོ་རྒྱ་དམར་གཞུང་གིས་བཙན་བྱོལ་བོད་མི་རྣམས་ལ་དམིགས་པའི་ཐབས་བྱུས་ནག་པོ་ཞིག་ཏུ་གྱུར་ཡོད།
དོན་དངོས་སུ་འབོད་ཚིག་དེ་ལ་བརྟེན་ནས་བཙན་བྱོལ་བོད་མི་དཀྱུས་མ་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་ཡོད་ཚོད་མི་འདུག་ལ། ལྷག་པར་དུ་སྐབས་དེ་དུས་ལས་འགུལ་དེ་ལམ་སྟོན་དང་བཀོད་ཁྱབ་སྤེལ་མཁན་དག་ལ་མཚོན་ན་དགྲ་བོ་རྒྱ་དམར་གཞུང་ལ་བདག་ལས་གཞན་གཅེས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་ཡོད་སྲིད་པ་ལས། བཙན་བྱོལ་བོད་མི་ནང་ཁུལ་དུ་བསམ་ཚུལ་མི་མཐུན་པ་ཅུང་ཙམ་རེ་བྱུང་ཚེ་དངོས་ཤུགས་བརྒྱུད་གསུམ་ནས་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་སྟངས་ལ་བལྟས་ན། བདག་ལས་གཞན་གཅེས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་མེད་པ་མ་ཟད། བྱང་ཆུབ་སེམས་ཀྱི་བག་ཆགས་ཙམ་ཡང་རྒྱུད་ལ་ཡོད་པའི་བཟོ་ལྟ་མེད་པ་ནི་འགྲེལ་བརྗོད་དང་ཚོད་དཔག་དཀའ་བའི་གནས་སྟངས་ཤིག་ཏུ་གྱུར་ཡོད། གཅིག་བྱས་ན་བཙན་བྱོལ་བོད་མིའི་བྱང་ཆུབ་ཀྱི་སེམས་དང་དབུ་མའི་ལམ་ཞེས་པ་འདི་ཚོ་དགྲ་བོ་རྒྱ་དམར་གཞུང་ཁོ་ན་ལ་དམིགས་པ་ལས། བོད་པ་ནང་ཁུལ་དུ་བེད་སྤྱོད་གཏན་ནས་མེད་པ་ཞིག་མིན་ནམ་བསམ་པ་ལྟ་བུར་གྱུར་འདུག
མདོར་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྩོད་རྙོག་མང་པོ་ཡོད་པ་དང་། མི་རབས་རྒན་པ་རྣམས་ཕལ་ཆེ་བ་དེའི་ནང་ཐིམ་ཟིན་པས་རེ་བ་ཆེན་པོ་ཡོད་མེད་བཤད་དཀའ་ཡང་། མི་རབས་གསར་པ་ན་གཞོན་ཤེས་ཡོན་ཅན་དག་གིས་ད་ལྟ་རྒྱལ་སྤྱིའི་ཁ་ཕྱོགས་དང་བསྟུན་ནས་ལས་འགུལ་འདི་ལྟ་བུ་སྤེལ་བ་ནི། བཟང་ཕྱོགས་ཀྱི་གནས་ཚུལ་དང་འགྱུར་བ་ཆེན་པོ་ཡིན། མ་འོངས་པར་ན་གཞོན་རྣམས་ཀྱིས་མུ་མཐུད་ལས་འགུལ་སྤེལ་དགོས་པ་དང་། ནང་ཁུལ་རྩོད་རྙོག་རིགས་ཀྱི་ནང་དུ་མ་ཞུགས་པར་སྤྱི་པའི་རྩ་དོན་ཐོག་ནུས་པ་འདོན་རྒྱུ་གཙོ་བོར་འཛིན་ཐུབ་ན། བོད་ཀྱི་རྩ་དོན་འཐབ་རྩོད་གསོན་པོར་གནས་ཐུབ་པ་དང་། རྒྱ་དམར་གཞུང་ལ་ཚོད་དཔག་དཀའ་བའི་འགྱུར་བ་ཆེན་པོ་ཞིག་བྱུང་བའི་དབང་དུ་བཏང་ན་སྐབས་དེར་གོ་སྐབས་དམ་འཛིན་ཐུབ་པའི་གྲ་སྒྲིག་ཡོད་པ་ཞིག་བྱ་དགོས། ད་ལྟའི་གནས་སྟངས་འདི་མུ་མཐུད་ན་རེ་བ་དང་གོ་སྐབས་གང་ཡང་མེད་པ་ཆགས་རྒྱུ་ཉག་གཅིག་ཏུ་གྱུར་ཡོད་པས། ན་གཞོན་དག་གིས་འཐབ་རྩོད་ཀྱི་ཁ་ཕྱོགས་གསར་པ་ཞིག་ཏུ་བསྒྱུར་རྒྱུ་ཧ་ཅང་གལ་ཆེ།།