མི་རིགས་དཀར་པོ་འཇིགས་སྐུལ་རིང་ལུགས་པ་ཞིག་ལ་གློད་གྲོལ་མེད་པའི་ཚེ་བཙོན་ཁྲིམས་ཐག་བཅད་འདུག
ལོ་གཅིག་དང་ཕྱེད་ཀ་ཙམ་གྱི་སྔོན་དུ། ནིའུ་ཛི་ལན་ཌར་ཁ་ཆེ་ལྷ་ཁང་གཉིས་སུ་དྲག་རྒོལ་བྱེད་མཁན་མི་རིགས་དཀར་པོའི་རིང་ལུགས་ལྟ་མཁྲེགས་འཛིན་མཁན་འཇིགས་སྐུལ་རིང་ལུགས་པ་དེར། གློད་གྲོལ་གྱི་གོ་སྐབས་མེད་པའི་ཚེ་བཙོན་ཁྲིམས་ཐག་བཅད་འདུག་པ་དང་། རྒྱལ་ཁབ་དེའི་ནང་ཁྲིམས་ཐག་དེ་འདྲ་བཅད་པ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག
ཟླ་༨ པའི་ཚེས་༢༧ ཉིན་ནིའུ་ཛི་ལན་ཌ་ཁྲིམས་ཁང་ཞིག་གིས། རང་ལོ་༢༩ ཡིན་པའི་ཨོ་སི་ཀྲོ་ལི་ཡའི་མི་སེར་(Brenton Tarrant) ལ། མི་གྲངས་༥༡ བསད་པ་དང་༤༠ གསོད་ཐབས་བྱས་པ། འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་བ་བཅས་ཀྱི་ནག་ཉེས་བསགས་པའི་ཉེས་ཆད་དུ། གློད་གྲོལ་གྱི་གོ་སྐབས་མེད་པའི་ཚེ་བཙོན་ཁྲིམས་ཐག་བཅད་འདུག རྒྱལ་ཁབ་དེའི་ནང་ཕྱི་ལོ་༡༩༦༡ ལོར་སྲོག་ཐོག་ཁྲིམས་ཐག་བཅད་རྒྱུ་རྩ་མེད་བཏང་ཡོད་འདུག་པ་དང་། ད་བར་གློད་གྲོལ་གྱི་གོ་སྐབས་མེད་པའི་ཚེ་བཙོན་ཁྲིམས་ཐག་བཅད་པ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག
ཁྲིམས་ཐག་བཅད་ཟིན་རྗེས་ནིའུ་ཛི་ལན་ཌའི་སྲིད་བློན་ལྕམ་ཇཱ་སིན་ཌ་ཨར་ཌན་གྱིས། དྲག་རྒོལ་དེའི་ན་ཟུག་མེད་པ་བཟོ་ཐབས་མེད་པ་དང་། ཉིན་དེ་ནི་འཇིགས་སྐུལ་རིང་ལུགས་པ་དེའི་མིང་འབོད་པའི་ཉིན་མཐའ་མ་ཆགས་མེད་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག དེ་སྔོན་འཇིགས་སྐུལ་རིང་ལུགས་དེས་དྲག་རྒོལ་བྱས་རྗེས། སྲིད་བློན་ཁོང་གིས་གནོད་འཚེ་འཕོག་ཡུལ་དང་ཉེ་འབྲེལ་ནང་མི། ཁ་ཆེ་མི་མང་། རྒྱལ་ཁབ་དང་རྒྱལ་སྤྱི་བཅས་ལ་སེམས་གསོ་དང་། རྒྱལ་ཁབ་དེའི་ནང་མེ་མདའི་ཁྲིམས་དམ་དུ་བཏང་བ། འཇིགས་སྐུལ་རིང་ལུགས་པ་དེར་སྐྱོན་བརྗོད་བྱེད་སྟངས་སོགས་ལས་ཁོང་ལ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བསྟོད་བསྔགས་ཆེན་པོ་ཐོབ་ཡོད་པ་རེད།
ཁྲིམས་ཁང་དུ་ཉིན་བཞི་ཡི་རིང་འཇིགས་སྐུལ་རིང་ལུགས་པ་དེས་བསད་པའི་མི་རྣམས་ཀྱི་ནང་མི་དང་། རྨས་སྐྱོན་འཕོག་མཁན། དེ་བཞིན་སྐབས་དེར་ས་གནས་དེ་གཉིས་སུ་ཡོད་མཁན་སོགས་ཀྱིས་ཁྲིམས་ཁང་དུ་སོ་སོའི་མྱོང་བ་དང་གནོད་འཚེ་ཤུགས་རྐྱེན་སྐོར་སྐད་ཆ་བཤད་ནས། ཁྲིམས་དཔོན་ལ་འཇིགས་སྐུལ་རིང་ལུགས་པ་དེར་ཁྲིམས་ཆད་ལྕི་ཤོས་དེ་བཅད་པའི་རེ་སྐུལ་ཞུས་འདུག
དེ་ཡང་ཕྱི་ལོ་༢༠༡༩ ལོའི་ཟླ་༣ པའི་ཚེས་༡༥ ཉིན་འཇིགས་སྐུལ་རིང་ལུགས་པ་དེས་ནིའུ་ཛི་ལན་ཌའི་ཁ་ཆེ་ལྷ་ཁང་གཉིས་སུ་དྲག་རྒོལ་བྱས་ཏེ། སྐབས་དེར་ཆོས་བྱེད་དུ་ཡོང་མཁན་མི་གྲངས་༥༡ བསད་ཡོད་པ་དང་། དེའི་ནང་ལོ་ན་ཆུང་ཤོས་ལོ་༣ ཅན་གྱི་བྱིས་པ་ཞིག་ཡིན་པ་རེད། དེ་བཞིན་མི་གྲངས་༤༠ ལ་རྨས་སྐྱོན་བཟོས་ཡོད་པ་དང་། དེའི་ཁྲོད་ནས་ཁག་ཅིག་མི་ཚེ་གང་བོར་དབང་པོ་སྐྱོན་ཅན་བཟོས་ཡོད་ཁར། མི་ཚེ་གང་བོར་དྲག་རྒོལ་དེ་ལ་བརྟེན་ནས་སེམས་ནང་སྐྲག་སྣང་སྐྱེས་ནས་འཚོ་བ་སྐྱེལ་དགོས་པ་ཆགས་ཉེན་ཡོད་འདུག
འཇིགས་སྐུལ་རིང་ལུགས་པ་དེས་ཕྱི་ལོ་༢༠༡༧ ལོའི་ཟླ་༩ པ་ནས་དྲག་རྒོལ་དེའི་འཆར་གཞི་འཐེན་འགོ་བཙུགས་ཡོད་འདུག་པ་དང་། འཆར་གཞིའི་ནང་ས་གནས་གསུམ་ལ་དྲག་རྒོལ་དང་ཁ་ཆེ་ཆོས་ལུགས་པ་གང་མང་བསད་རྗེས་ལྷ་ཁང་རྣམས་མེར་བསྲེགས་ནས་རྩ་མེད་བཟོ་འཆར་ཡོད་འདུག འོན་ཀྱང་ལྷ་ཁང་མེར་བསྲེགས་ཐུབ་མེད་པ་དང་། ལྷ་ཁང་གཉིས་པར་དྲག་རྒོལ་བྱས་ནས་ས་གནས་གསུམ་པ་དེར་དྲག་རྒོལ་བྱེད་པར་འགྲོ་སྐབས། ལམ་བར་དུ་ཉེན་རྟོག་པས་འཛིན་བཟུང་ཐུབ་ཡོད་པ་རེད་འདུག ཁོས་དྲག་རྒོལ་གྱི་བྱ་སྤྱོད་སྤེལ་སྐབས་ངོ་དེབ་ནས་ཐད་གཏོང་བྱས་ཡོད་པ་རེད།
འཇིགས་སྐུལ་རིང་ལུགས་པ་དེ་ནིའུ་ཛི་ལན་ཌའི་བཙོན་ཁང་ནང་དུ་ཚེ་བཙོན་བཞག་པར། གཞུང་གི་དངུལ་ས་ཡ་མང་པོ་འགྲོ་སོང་གཏོང་དགོས་ཀྱི་ཡོད་འདུག་པས། ཁོ་སོ་སོའི་ལུང་པ་ཨོ་སི་ཀྲོ་ལི་ཡའི་བཙོན་ཁང་དུ་གཏོང་དགོས་པའི་དགོས་འདུན་འདོན་མཁན་ཡང་བྱུང་འདུག འོན་ཀྱང་ད་ལྟའི་ཆར་གནད་དོན་དེའི་ཐད་ཕྱོགས་གཉིས་ཀྱི་འགོ་ཁྲིད་བར་སྐད་ཆ་གང་ཡང་བྱུང་མེད་འདུག
ཨོ་སི་ཀྲོ་ལི་ཡའི་སྲིད་བློན་སཱི་ཁོཌ་མཱོ་རི་སོན་གྱིས། ཁྲིམས་ཐག་དེར་རྒྱབ་སྐྱོར་དང་དགའ་བསུ་ཡོད་པ་དང་། དྲང་བདེན་བྱུང་ཡོད་པ། ཨོ་སི་ཀྲོ་ལི་ཡའི་མི་མང་ཚང་མས་འཇིགས་སྐུལ་རིང་ལུགས་པ་དེའི་དྲག་རྒོལ་བྱ་སྤྱོད་ལ་སྐྲག་སྣང་དང་བློ་ཕམ་བྱས་དང་བྱེད་བཞིན་ཡོད་སྐོར་བརྗོད་འདུག
འཇིགས་སྐུལ་རིང་ལུགས་པ་དེས་ཉེན་རྟོག་པ་ཚོར། ཁོས་ཡུ་རོབ་མི་རིགས་མིན་པའི་མི་རིགས་གཞན་རྣམས་ཀྱི་སེམས་ནང་སྐྲག་སྣང་བཟོ་རྒྱུ་དམིགས་ཡོད་སྐོར་བརྗོད་འདུག ཁོས་ཡུ་རོབ་ཀྱི་མི་རིགས་དཀར་པོ་མིན་པའི་ཁ་ཆེ་མི་རིགས་དང་གནས་སྤོ་བ་རྣམས་ནི་བཙན་འཛུལ་བ་ཞེས་པའི་ཐ་སྙད་དེའི་ཐོག་ངོས་འཛིན་བྱས་འདུག དེ་ཡང་ཨ་རི་དང་ཡུ་རོབ་སོགས་ཀྱི་ནང་དུ་མི་རིགས་དཀར་པོའི་རིང་ལུགས་ལྟ་མཁྲེགས་འཛིན་མཁན་ཚོས། ཁུལ་དེར་ཁ་ཆེ་གཙོས་པའི་མི་རིགས་གཞན་གནས་སྤོ་བ་མང་པོ་སླེབས་ནས། རྒྱལ་ཁབ་དེ་དག་དབང་སྒྱུར་རམ་བཙན་འཛུལ་བྱེད་ཀྱི་ཡོད་པའི་ཁྱབ་བསྒྲགས་བྱས་ནས། ངོ་རྒོལ་དང་སྲིད་དོན་གྱི་ལས་དོན་ཡང་འདྲ་མིན་སྤེལ་གྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།