མི་རིགས་ནག་པོ་ཞིག་མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འགོ་ཁྲིད་དུ་ཐེངས་དང་པོར་འདེམས་ཐོན་བྱུང་འདུག 

ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འགོ་ཁྲིད་རྒྱུན་རིང་གནང་མྱོང་མཁན་ལྕམ་ནན་སཱི་པཱི་ལོ་སཱེ་ལས་འགན་དེ་ནས་དགོངས་པ་ཞུ་རྒྱུ་ཡིན་པ་ལྟར། ཐེངས་དང་པོར་མི་རིགས་ནག་པོ་ཞིག་མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འགོ་ཁྲིད་དུ་འདེམས་ཐོན་བྱུང་འདུག་པ་དང་། དེ་ནི་ལོ་རྒྱུས་རང་བཞིན་ཅན་གྱི་གནད་དོན་ཞིག་རེད་འདུག 

ཟླ་༡༢ པའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་ནིའུ་ཡོག་མངའ་སྡེ་ནས་གྲོས་ཚོགས་འོག་མའི་འཐུས་མི་ཡིན་པ་རང་ལོ་༥༢ སོན་མཁན་ཧཱ་ཀེམ་ཇེ་ཧྥེ་རཱི་ལ། མང་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཚོས་སྤྱི་མོས་ཐོག་ནས་འོས་འཕངས་ཏེ་འགོ་ཁྲིད་དུ་འདེམས་ཐོན་བྱུང་འདུག ཁོང་ནི་ཨ་རིའི་ལོ་རྒྱུས་ནང་དུ་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུ་སྲིད་དོན་ཚོགས་པ་ཞིག་གི་འགོ་ཁྲིད་དུ་མི་རིགས་ནག་པོ་ཞིག་འདེམས་ཐོན་བྱུང་མཁན་དང་པོ་རེད་འདུག 

དེ་ཡང་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱི་བར་མའི་འོས་བསྡུ་བྱས་ནས། གྲོས་ཚོགས་གོང་མའི་ནང་དུ་མང་གཙོ་ཚོགས་པར་མང་མོས་ཀྱི་རྒྱལ་ཁ་ཐོབ་ཙམ་བྱུང་ཡོད་ཀྱང་། གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པར་མང་མོས་ཀྱི་རྒྱལ་ཁ་ཐོབ་ཡོད་པས། ལོ་རྗེས་མའི་གྲོས་ཚོགས་གསར་པ་འཚོགས་པའི་སྐབས་སུ། མང་གཙོ་ཚོགས་པ་དེ་གྲངས་ཉུང་ཀྱི་སྲིད་དོན་ཚོགས་པ་ཞིག་ཆགས་ཀྱི་ཡོད་པས། ཧཱ་ཀེམ་ཇེ་ཧྥེ་རཱི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཆགས་ཐབས་མེད་པ་རེད་འདུག 

རང་ལོ་༨༢ ལ་སོན་པའི་ལྕམ་ནན་སཱི་པཱི་ལོ་སཱེ་ཡིས་ཉེ་ཆར་རང་ཉིད་མང་གཙོ་ཚོགས་པའི་འགོ་ཁྲིད་ཀྱི་ལས་གནས་ནས་དགོངས་པ་ཞུས་ཏེ་གྲོས་ཚོགས་འཐུས་མི་དཀྱུས་མ་ཞིག་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག དེ་ཡང་ལྕམ་ཁོང་གིས་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འགོ་ཁྲིད་ཀྱི་ལས་འགན་མི་ལོ་༢༠ ཙམ་ཁུར་འདུག དུས་སྐབས་དེའི་རིང་ཨ་རི་ནང་དུ་སྲིད་དོན་མི་སྣ་དབང་ཤུགས་ཆེ་ཤོས་གྲས་ཤིག་ཆགས་ཡོད་ཁར། གནད་དོན་གལ་ཆེན་ཁག་གི་ཐོག་ཏུ་གྲོས་ཚོགས་ནང་དུ་འོས་ཤོག་ལས་རིམ་སོང་སྐབས། ལྕམ་ཁོང་གིས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་ཐུབ་ཡོད་འདུག་པས། འགོ་ཁྲིད་ནུས་པ་ལྡན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག 

འགོ་ཁྲིད་གསར་པ་ཧཱ་ཀེམ་ཇེ་ཧྥེ་རཱི་ཡིས་རང་ཉིད་ནི་ཡར་ཐོན་ཅན་གྱི་བསམ་བློ་ཡོད་མཁན་ཡིན་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག་ཀྱང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལ་རྒྱབ་སྐྱོར་མི་བྱེད་མཁན་ཞིག་ཡིན་ཁར། མང་གཙོ་ཚོགས་པའི་ནང་དུ་བསམ་བློ་གཡོན་ཕྱོགས་སུ་འགྲོ་མཁན་རྣམས་དང་ཁོང་གི་བར་དུ་མི་མཐུན་པའི་གཞི་རྩ་མང་པོ་ཡོད་འདུག ཁོང་གིས་གནད་དོན་དེ་དང་འབྲེལ་ནས་དེ་སྔོན་མང་གཙོ་ཚོགས་པའི་ནང་དུ་མི་མཐུན་པའི་གཞི་རྩ་ཡོད་མེད་ལ་མ་ལྟོས་པར། འགག་རྩའི་དུས་སྐབས་སུ་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱེད་ནས་གྲུབ་འབྲས་ཐོན་གྱི་ཡོད་སྐོར་བརྗོད་མྱོང་འདུག 

ཁོང་ལ་ཨི་ཛེ་རིལ་གྱི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཞུ་གཏུག་ཚོགས་པ་ཞིག་གིས་འོས་བསྡུའི་ཆེད་དུ་ཞལ་འདེབས་ཆེན་པོ་སྤྲོད་ཀྱི་ཡོད་འདུག་པ་དང་། ཁོང་གིས་ཀྱང་ཐེངས་མང་པོར་ཨི་ཛེ་རིལ་སྲིད་གཞུང་གིས་པཱེ་ལི་སེ་ཐན་མི་མང་ལ་དམར་གསོད་གཏོང་གི་ཡོད་པའི་སྙན་ཐོ་སོགས་ལ་ངོས་ལེན་མ་བྱས་པར་དགག་པ་བྱས་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:

Leave a Reply