མི་རིགས་རིང་ལུགས་ཀྱི་ཚ་རླབས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༢༢   ཕྱི་ལོ་ ༢༠༡༦/༡༡ /༢༣

ཉེ་ཆར་ཨ་མི་རི་ཀའི་སྲིད་འཛིན་དུ་སྐུ་ཞབས་ཌོ་ནལ་ཊོམ་ལ་འོས་ཐོབ་པ་ནས་བཟུང་འཛམ་གླིང་གི་ཁྱོན་ཡོངས་སུ་བསམ་བློ་གསར་པ་ཞིག་གཏོང་དགོས་པ་ཆགས་ཤིང་། དེ་ཡང་འཛམ་གླིང་གི་རྒྱལ་ཁབ་ཆེ་ཁག་མང་པོ་ཞིག་གི་གནས་སྟངས་ཀྱང་མི་རིགས་རིང་ལུགས་བསྐྱར་དར་གྱི་ཕྱོགས་སུ་གོམ་ཁ་སྒྱུར་བཞིན་པ་ལྟ་བུར་གྱུར་ཡོད། ད་ལན་ཨ་རིའི་འདེམས་ཐོན་སྲིད་འཛིན་ཁོང་ནི། མཁྲེགས་འཛིན་ཅན་དང་མི་རིགས་དཀར་པོའི་ཁེ་ཕན་གཙོར་བཟུང་བྱེད་མཁན་ཞིག་ཡིན་པ་མ་ཟད། མི་རིགས་གཞན་པ་མང་པོ་ཞིག་ཨ་རིར་ལུགས་མཐུན་མ་ཡིན་པའི་ཐོག་ནས་སྐྱབས་བཅོལ་དུ་སླེབས་པ་རྣམས་ཕྱིར་འཕུད་དམ་བཙོན་འཇུག་བྱ་རྒྱུ་ཡིན་ཚུལ་ཤོད་ཀྱི་ཡོད་པ་རེད། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་ཡང་རྒྱ་མི་རིགས་ཆེན་པོའི་རིང་ལུགས་པ་ཞིག་ཡིན་པ་དང་། ཁོ་པ་ནི་རྒྱལ་སྤྱིའི་འཕེལ་རྒྱས་ལ་བསམ་བློ་གཏོང་མཁན་ཞིག་མིན་པ་མ་ཟད། རྒྱ་ནག་རྒྱལ་ཁབ་ཀྱི་ཁོངས་སུ་ཡོད་པའི་མི་རིགས་ཆུང་ཁག་རྣམས་ལ་གཉའ་གནོན་དང་ཐུབ་ཚོད་འབའ་ཞིག་བྱེད་ཅིང་ཧ་ཅང་མཁྲེགས་འཛིན་ཆེ་བའི་སྲིད་འཛིན་ཞིག་ཏུ་གྱུར་ཡོད།

རྒྱ་གར་གྱི་སྲིད་བློན་མུ་དྷི་དང་། ཨུ་རུ་སུའི་སྲིད་འཛིན་པུ་ཊིན། ཉིི་ཧོང་གི་སྲིད་འཛིན་ཤིན་ཛོ་ཨ་པེ། བྱང་ཀོ་རི་ཡའི་སྲིད་འཛིན་སོགས་དེང་སྐབས་འཛམ་གླིང་གི་དབུ་ཁྲིད་མང་པོ་ཞིག་མི་རིགས་ལུགས་པ་དང་། རྒྱལ་ཞེན་རིང་ལུགས་པ། མཁྲེགས་འཛིན་ཧ་ཅང་ཆེ་བའི་མི་སྣ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་སླེབས་ཡོང་གི་ཡོད་ལ། མང་མོས་འོས་བསྡུའི་ལམ་ནས་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱུང་བ་ལ་བརྟེན་ནས་ཡུ་རོབ་ཁུལ་དུ་ཡོ་འཁྱོམ་ཆེན་པོ་ཞིག་ཡོང་སྲིད་པ་དང་། ཁ་ཆེའི་རྒྱལ་ཁབ་ཁག་གི་ནང་འཁྲུག་གི་གནས་སྟངས་སོགས་འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་ལ་བསམ་བློ་ཞིག་བཏང་ཡོང་དུས། བསྐྱར་དུ་འཛམ་གླིང་འདི་ལ་དམག་འཁྲུག་སོགས་ཀྱི་ཉེན་ཁ་ཆེན་པོ་ཞིག་སླེབས་སྲིད་པ་ལྟ་བུར་གྱུར་ཡོད། སྤྱིར་ལོ་ཤས་སྔོན་རྒྱལ་ཁབ་ཁ་ཤས་ཀྱི་དཔོན་རིགས་བུད་མེད་སླེབས་པ་དང་། ཨ་རིའི་སྲིད་འཛིན་དུ་མི་རིགས་ནག་པོ་ཞིག་སླེབས་པ་སོགས་འཛམ་གླིང་གི་ཁ་ཕྱོགས་གསར་པ་ཞིག་ཏུ་སླེབས་པ་མཚོན་དཀའ།

འོན་ཀྱང་ད་ལན་སྲིད་འཛིན་དང་དཔོན་རིགས་མཁྲེགས་འཛིན་ཅན་འགའ་ཞིག་སླེབས་པ་ལ་བརྟེན་ནས་འཛམ་གླིང་ལ་འགྱུར་ལྡོག་གསར་པ་ཞིག་འགྲོ་སྲིད་པར་ངོས་འཛིན་བྱེད་དཀའ་བ་དེ་གཅིག་མཚུངས་ཡིན་ཡང་། གནས་སྟངས་དེ་དག་གི་བྱུང་རིམ་ལ་བལྟས་ན་འཛམ་གླིང་གི་ཁ་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་ཞིག་དང་། དེ་ཡང་ངན་ཕྱོགས་ཀྱི་འགྱུར་ལྡོག་ཅིག་ཏུ་འགྲོ་བཞིན་མེད་དམ་སྙམ་པའི་དོགས་པ་སྐྱེ་འོས་པ་ཞིག་རེད། ལྷག་པར་དུ་ད་ལྟའི་ཆར་ཁ་ཆེའི་ཡུལ་གྲུ་མང་པོ་ཞིག་ཏུ་དམག་འཁྲུག་ཆེན་པོ་རྒྱག་བཞིན་ཡོད་པ་དང་། དེ་ལ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས་ཐེ་བྱུས་བྱེད་བཞིན་པ་སོགས་འཛམ་གླིང་གི་ཁྱོན་ཡོངས་དང་བྱེ་བྲག་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་བ་ཧ་ཅང་མང་པོ་ཞིག་སླེབས་བཞིན་ཡོད། སྐྱབས་བཅོལ་དུ་ཡོང་མཁན་མང་པོ་ཞིག་ལམ་བར་ནས་སྲོག་ཤོར་བའི་གནས་སྟངས་ཀྱང་གཅིག་མིན་གཉིས་མིན་དུ་ཡོང་གི་ཡོད་ཅིང་། འཁྲུག་རྩོད་འདི་དག་ཆེ་ནས་ཆེ་རུ་སོང་ནས་རིང་པོ་མི་ཐོགས་པར་འཛམ་གླིང་དུ་འཁྲུག་ཆེན་གསུམ་པ་ཞིག་འབྱུང་མི་སྲིད་པ་གཏན་ནས་མ་རེད།

སྤྱིར་མི་རིགས་རིང་ལུགས་དང་རྒྱལ་ཞེན་རིང་ལུགས་ཞེས་པ་དེ་མཐའ་གཅིག་ཏུ་ཡོད་མི་རུང་བ་ཞིག་མིན་ལ། ལྷག་པར་མི་རིགས་ཉམ་ཆུང་དང་། རྒྱལ་ཁབ་ཉམ་ཆུང་ཞིག་གི་དབུ་ཁྲིད་ནས་ཆབ་འབངས་ཀྱི་བར་དུ་མི་རིགས་རིང་ལུགས་དང་རྒྱལ་ཞེན་གྱི་བསམ་བློ་དེ་ཉིད་ངེས་པར་དུ་ཡོད་དགོས་པ་ཞིག་ཡིན། མི་རིགས་ཉམ་ཆུང་དང་། རྒྱལ་ཁབ་ཉམ་ཆུང་གི་མི་རིགས་རིང་ལུགས་དང་རྒྱལ་ཞེན་རིང་ལུགས་ནི་རང་ཉིད་སྲུང་སྐྱོབ་ཙམ་གྱི་ཆེད་དུ་ཡིན། འོན་ཀྱང་མི་རིགས་ཆེན་པོ་དང་རྒྱལ་ཁབ་སྟོབས་ཆེན་པོ་དག་གིས་མི་རིགས་རིང་ལུགས་དང་། མཁྲེགས་འཛིན་ཅན་གྱི་རྒྱལ་ཞེན་བཟུང་ཡོང་བའི་སྐབས་སུ་རྒྱ་བསྐྱེད་དང་བཙན་འཛུལ་དང་། གཞན་ལ་ཐུབ་ཚོད་གཏོང་བའི་ལག་ཆ་ཞིག་ཏུ་འགྱུར་ངེས་པ་རེད། དེར་བརྟེན་མི་རིགས་རིང་ལུགས་དང་རྒྱལ་ཞེན་རིང་ལུགས་ནི་འཛམ་གླིང་སྤྱི་ཡོངས་ཀྱི་ཆ་ནས་འཛམ་གླིང་གི་འཁྲུག་ཆེན་གཉིས་པ་མཇུག་བསྡུས་པའི་རྗེས་སུ་རིམ་བཞིན་ཉམས་ཞན་དུ་བཏང་ཡང་། ད་ལྟའི་ཆར་སླར་ཡང་འཛམ་གླིང་ཤར་ནུབ་ཀུན་ཏུ་མི་རིགས་རིང་ལུགས་ཀྱི་ཚ་རླབས་འཕྱུར་འགོ་ཚུགས་འདུག

མདོར་ན་འཛམ་གླིང་གི་ཁ་ཕྱོགས་མི་རིགས་རིང་ལུགས་ཀྱི་ཕྱོགས་སུ་སོང་ན་གོང་དུ་བརྗོད་པའི་ཉེན་ཁ་འདི་དག་མངོན་གསལ་དུ་ཡོད་པས་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་བོད་པ་ལྟ་བུ་མི་རིགས་གཞན་གྱི་བཙན་གནོན་འོག་གནས་པ་ཞིག་ལ་མཚོན་ན་མི་རིགས་རིང་ལུགས་ཀྱི་བསམ་བློ་དང་། རྒྱལ་ཞེན་གྱི་བསམ་བློ་གཉིས་ཀ་ངེས་པར་དུ་ཡོད་དགོས་པ་ལས་འདོར་དགོས་པ་ཞིག་མིན་ལ། འདི་ནི་ང་ཚོའི་འཆི་གསོན་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན་པ་དང་། བོད་མི་རིགས་ས་སྒང་ཧྲིལ་པོ་འདིའི་ཐོག་ཏུ་གསོན་པོར་གནས་དགོས་ན་དེའི་ཐབས་ལམ་མམ་གཞི་རྩ་གཙོ་བོ་མི་རིགས་རིང་ལུགས་དང་རྒྱལ་ཞེན་རིང་ལུགས་ཀྱི་སློབ་གསོ་ལ་མ་བརྟེན་ཐབས་མེད་རེད། འོན་ཀྱང་ཨ་རི་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་དང་མི་རིགས་ཤིག་ལ་མཚོན་ན་མི་རིགས་རིང་ལུགས་ནི་དོར་བྱ་ཁོ་ན་ལས་བླང་བྱ་ཞིག་གཏན་ནས་མིན་པར། གལ་སྲིད་འདི་ལྟ་བུའི་བསམ་བློ་རྒྱུན་འཛིན་བྱེད་མཁན་ཞིག་ཏུ་གྱུར་ཚེ་གཞན་ལ་དབང་བསྒྱུར་དང་བཙན་རྒྱལ་བའི་བསམ་བློའི་རྒྱབ་ལྗོངས་ཁོ་ན་ལས་རྒྱུ་མཚན་གཞན་གང་ཡང་མེད།།