མི་ལོ་བདུན་ཅུའི་མུན་ནག་གི་ལོ་རྒྱུས།

ཆེད་བརྗོད།

ལོ་འདིར་རྒྱ་དམར་དྲག་པོའི་གཞུང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཟེར་བའི་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་པ་དང་། དུས་ཚོད་འདི་དང་སྟབས་བསྟུན་ནས་རྒྱ་དམར་གཞུང་གི་སྲིད་འཛིན་ཞི་ཅིན་ཕིང་ཡང་བོད་དུ་སླེབས་ཡོད། ད་དུང་མཛད་སྒོའི་སྐབས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་དབང་དབྱང་སོགས་ཆེད་དུ་བོད་ལ་ཡོང་ནས་དོ་སྣང་ཆེན་པོ་ཡོད་པའི་རྣམ་འགྱུར་བསྟན་ཡོད་ཀྱང་། དོན་དངོས་ལོ་རྒྱུས་ཐོག་ནས་ཕྱི་ལོ་༡༩༥༡ ཟླ་༥ ཚེས་༢༣ ཉིན་བོད་རྒྱའི་དབར་“གྲོས་མཐུན་དོན་ཚན་བཅུ་བདུན་“ཟེར་བ་བཞག་ནས་མི་ལོ་༧༠ འཁོར་ཡོད་པ་དང་། དེའི་རིང་བོད་མི་འབུམ་༡༢ ལྷག་གི་ཚེ་སྲོག་རྒྱ་གཞུང་གི་ལག་ཏུ་ཤོར་ཡོད་ལ། བོད་ཀྱི་དགོན་སྡེ་ཁག་དྲུག་སྟོང་ལྷག་རྩ་གཏོར་བཏང་བ་མ་ཟད། བོད་ཀྱི་ཆོས་དང་རིག་གནས་ཚང་མ་རྩ་མེད་གཏོང་རྒྱུའི་འཆར་གཞི་དང་སྦྱོར་བ་བརྩམས་ཡོད། འདས་པའི་མི་ལོ་༧༠ ནི་བོད་ལ་མཚོན་ན་ལོ་རྒྱུས་ཐོག་ནས་མུན་ནག་གི་དུས་སྐབས་ཤིག་ཏུ་གྱུར་ཡོད་པ་ལས་གཟི་བརྗིད་ཅན་གྱི་ལོ་རྒྱུས་ཤིག་ཏུ་བསྒྱུར་ཐབས་གཏན་ནས་མེད།

བོད་ལ་དེང་དུས་ཀྱི་འགྱུར་བ་གང་འཚམ་ཞིག་ཕྱིན་ཡོད་ཀྱང་། དེ་ནི་རྒྱ་གཞུང་གི་བཀའ་དྲིན་ལ་བརྟེན་ནས་མ་ཡིན་པ་འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ལ་བལྟས་ན་ཤེས་ཐུབ་པ་དང་། ད་དུང་རྒྱ་གཞུང་གི་དྲིལ་བསྒྲགས་ལ་བརྟེན་ནས་བོད་མི་རིགས་ནི་ཤེས་ཡོན་དང་ཉམས་མྱོང་འཇོན་ཐང་བཅས་གང་ཡང་མེད་མཁན་ཞིག་ཏུ་ངོས་འཛིན་གྱིས་མཐོང་ཆུང་བྱས་པ་ཞིག་ཏུ་གྱུར་ཡོད། དཔེར་ན་དུས་རབས་༢༠ པའི་སྟོད་ལ་འཛམ་གླིང་སྤྱི་དང་ལྷག་པར་གླིང་ཆེན་ཨེ་ཤི་ཡའི་ནང་དེང་དུས་དང་མཐུན་པའི་འགྱུར་བ་སོང་མེད་པ་དང་། རྒྱ་ནག་གི་ས་ཁུལ་མང་ཆེ་བར་ནང་འཁྲུག་དང་། ཉི་ཧོང་གི་དམག་འཁྲུག་ལ་བརྟེན་ནས་དེང་དུས་ཀྱི་མཐུན་རྐྱེན་ལྟ་ཅི། ཉིན་རེའི་ཟ་བཏུང་ཐོག་དཀའ་ངལ་ཆེན་པོ་ཡོད་པའི་དུས་སྐབས་ཤིག་བྱུང་ཡང་། སྐབས་དེར་བོད་ཡུལ་སྟོད་སྨད་བར་གསུམ་ཟ་བཏུང་གི་དཀའ་ངལ་ཡོད་པའི་ལོ་རྒྱུས་མེད། མི་ལོ་༧༠ རིང་བོད་ལ་འགྱུར་བ་སོང་བའི་ནང་ནས་བོད་ཀྱི་གནའ་བོའི་ལེགས་བྱང་དང་རིག་གཞུང་གི་དཔལ་ཡོན་མང་པོ་ཞིག རྒྱ་གཞུང་གི་དབང་བསྒྱུར་འོག་ཉམས་གུད་དུ་སོང་བ་ནི་ཁ་གསབ་ཐབས་མེད་པའི་གྱོང་གུད་ཅིག་ཏུ་གྱུར་ཡོད།

ད་དུང་བོད་ཀྱི་ཐོན་ཁུངས་མང་པོ་ཞིག་རྒྱ་གཞུང་གིས་ཧམ་འཕྲོག་བྱས་ནས། རྒྱ་ནག་ཏུ་དབོར་འདྲེན་བྱས་པ་ཁོ་ནའི་ཐོག་ནས་ཀྱང་བོད་དུ་ཁྲ་ཁྲ་ཟིང་ཟིང་གི་འཛུགས་སྐྲུན་ཅུང་ཙམ་རེ་བྱས་པ་དང་བསྡུར་ན། བོད་ལ་གྱོང་གུད་ལས་དམིགས་བསལ་གྱི་ཁེ་བཟང་ཞིག་གང་ཡང་ཐོབ་མེད། བོད་ནི་ས་རྒྱ་ཆེ་བ་དང་། ཐོན་ཁུངས་བཟང་བ། མི་འབོར་ཉུང་བའི་རྒྱུ་མཚན་ལ་བརྟེན་ནས་རྒྱ་དམར་གཞུང་གིས་བཙན་འཛུལ་དང་ཧམ་འཕྲོག་བྱས་པ་ཞིག་ཡིན་པ་ལས། རྒྱ་གཞུང་གི་ཁེ་ཕན་བློས་བཏང་ནས་བོད་མི་རིགས་ཀྱི་ཡར་རྒྱས་དང་བདེ་སྐྱིད་བསྐྲུན་ཆེད་རྒྱ་དམག་བོད་དུ་སླེབས་པ་ཞིག་གཏན་ནས་མ་རེད། ད་ལྟའི་ཆར་བོད་ཡུལ་རང་དུ་བོད་མི་ལས་རྒྱ་མི་མང་བ་དང་། འཛུགས་སྐྲུན་གྱི་རྣམ་པ་ཇི་ལྟ་བུ་ཞིག་བསྐྲུན་ཡོད་ཀྱང་། ཕལ་ཆེ་བ་བོད་དུ་གནས་སྤོས་བྱས་པའི་རྒྱ་མི་རྣམས་ཀྱི་ཆེད་མཐུན་རྐྱེན་སྦྱར་བ་ཞིག་ལས། བོད་པར་ཤ་ཚ་སྙིང་རྗེ་བལྟས་ནས་འཛུགས་སྐྲུན་བྱས་བཞག་པ་ཞིག་ཕལ་ཆེར་མེད། ད་དུང་བོད་ཀྱི་རང་བྱུང་ཐོན་ཁུངས་མང་དག་ཅིག་རྩ་གཏོར་བཏང་བ་ནི་མི་རབས་ཚ་བརྒྱུད་ལ་གྱོང་གུད་འབའ་ཞིག་ཏུ་བསྒྱུར་ཡོད།

མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་མཚོན་ན་ཟས་གོས་ནི་གཞི་རིམ་གྱི་དགོས་མཁོ་ཞིག་ཏུ་གྱུར་ཡོད་པ་ལས། ཟས་གོས་ཀྱི་ཐོག་ནས་གནས་སྐབས་དཀའ་ངལ་མེད་པ་ཙམ་དུ་གྱུར་པས། རྒྱལ་ཁབ་དང་མི་རིགས་དེ་ཡར་རྒྱས་ཆེན་པོ་ཡིན་པའི་རྒྱུ་མཚན་དུ་གཏན་ནས་མི་འགྲོ། དོན་དངོས་སུ་ཡར་རྒྱས་ཀྱི་ཚད་གཞི་ནི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། འདྲ་མཉམ་ཡོད་པ། མི་རིགས་རང་ཉིད་ཀྱི་དཔལ་ཡོན་ཅི་ཙམ་ཡར་རྒྱས་ཡོད་པ་དེའི་ཚོད་ཀྱིས་ཡུལ་གྲུ་དེའི་ཡར་རྒྱས་ཀྱི་ཚད་འཛིན་དགོས། ད་ཆ་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆབ་སྲིད་ཀྱི་ཐོག་ནས་གཞི་རིམ་གྱི་ཐོབ་ཐང་ཙམ་ཡང་མེད་པ་ནི། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ལས་སྡུག་ཤོས་གྲས་སུ་ཡོད་པ་འདིའི་ཐོག་ནས་ཤེས་ཐུབ། བོད་ནང་གི་དགོན་སྡེ་ཁག་ཏུ་དམར་ཤོག་གི་ཆབ་སྲིད་སྐོར་སློབ་སྦྱོང་བྱེད་དུ་བཅུག་ཡོད་པ་དང་། ༧གོང་ས་མཆོག་གི་སྐུ་པར་ཙམ་ཡང་སྒྲིག་གཤོམ་མི་ཆོག་ཀྱང་། དམར་ཤོག་གི་འགོ་ཁྲིད་དག་གི་པར་བཙན་དབང་གིས་མཆོད་བཤམས་ནང་བསྒྲིགས་པ་སོགས་ཕྱི་དགོན་པའི་རྣམ་པ་ཙམ་ལས། ནང་དམར་ཤོག་གི་སློབ་གསོ་སྤྲོད་ཡུལ་ཞིག་ཏུ་བསྒྱུར་ཡོད།

མདོར་ན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་ནས་མི་ལོ་ཧྲིལ་པོ་༧༠ འཁོར་བ་ནི། བོད་ཀྱི་ལོ་རྒྱུས་ནང་མུན་ནག་གི་དུས་སྐབས་ཤིག་ཏུ་གྱུར་ཡོད། བོད་རྒྱལ་ཁབ་དེ་རྒྱ་གཞུང་གི་བཙན་འཛུལ་འོག་ཚུད་མེད་ན། ད་ལྟའི་ཆར་བོད་དེ་ཞི་བའི་བསྟི་གནས་ཤིག་ཏུ་གྱུར་ཡོད་ངེས་ཤིང་། བོད་དང་ཆོས་དང་རིག་གནས་གཅིག་པའི་ཁྱིམ་མཚེས་འབྲུག་ཆོས་ལྡན་རྒྱལ་ཁབ་ཀྱི་གནས་བབས་ལ་བལྟས་ན། བོད་ཀྱི་གནས་སྟངས་ཀྱང་འདི་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དཔོག་ཐུབ། རྒྱ་དམར་གཞུང་གི་བསམ་སྦྱོར་ངན་པ་དང་། བོད་སྤྱི་མཐུན་གྱི་བསོད་ནམས་དམན་པའི་རྒྱུ་མཚན་ལ་བརྟེན་ནས་འདི་ལྟ་བུའི་དུས་ངན་ཞིག་ཤར་བ་རེད་དེ། མ་འོངས་པའི་ཁ་ཕྱོགས་ག་འདྲ་ཞིག་ཏུ་བསྒྱུར་ཐུབ་མིན་ནི། ད་ལྟའི་མི་རིགས་འདིའི་ལག་ཏུ་ཡོད་པས། དགྲ་བོ་རྒྱ་དམར་གཞུང་ལ་དགྲ་ཡི་འདུ་ཤེས་མ་ནོར་བའི་ཐོག་ནས། མ་འོངས་པར་བོད་རྒྱ་ཐ་དད་དུ་གནས་དགོས་པ་དང་བོད་ཀྱི་བདག་དབང་སླར་གསོ་དགོས་པའི་བསམ་ཚུལ་ཡོད་པའི་མི་རབས་གསར་པ་ཞིག་སྐྱེད་སྲིང་བྱེད་མ་ཐུབ་ན། བོད་རྒྱལ་ཁབ་དང་བོད་མི་རིགས་དུས་ནམ་ཡང་ཕམ་པ་རེད།།