མི་ལོ་བཞིའི་རྗེས་སུ་བྱང་ཀོ་རི་ཡ་ལ་རྒྱ་གར་གྱི་གཞུང་ཚབ་གསར་པ་ཐོག་མར་བསྐོ་གཞག་བྱས་འདུག
ཏོག་དབྱིབས་གཉན་རིམ་བཅུ་དགུ་པ་ཁྱབ་བརྡལ་དང་བསྟུན། བྱང་ཀོ་རི་ཡས་ས་མཚམས་སུ་དམ་དྲག་དང་བཀག་སྡོམ་བྱས་པར་བརྟེན། རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣ་དང་རོགས་སྐྱོར་ཚོགས་པའི་ལས་བྱེད་ཚང་མ་ཕྱིར་ལོག་དགོས་བྱུང་བ་ལྟར། རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ཡང་ཕྱིར་ལོག་ནས་ད་བར་བྱང་ཀོ་རི་ཡ་ལ་རྒྱ་གར་གྱི་གཞུང་ཚབ་པ་བསྐོ་གཞག་ཐུབ་མེད། ད་ཆ་མི་ལོ་བཞིའི་རྗེས་སུ་བྱང་ཀོ་རི་ཡ་ལ་རྒྱ་གར་གྱི་གཞུང་ཚབ་གསར་པ་ཐོག་མར་བསྐོ་གཞག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༨ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། མི་ལོ་བཞིའི་རྗེས། རྒྱ་ནག་དང་འཇར་མན། ཁ་ཐར་དང་ཨུ་རུ་སུ་སོགས་སུ་ཕྱི་འབྲེལ་དང་འབྲེལ་བའི་ཕྱག་ལས་ལོ་ངོ་༡༥ ལྷག་གནང་མྱོང་མཁན་སྐུ་ཞབས་༼Aliawati Longkumer༽ ཟེར་བ་ཁོང་བྱང་ཀོ་རི་ཡའི་ནང་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ལ་བསྐོ་གཞག་བྱས་ཡོད་འདུག
སྤྱིར་རྒྱ་གར་ནི་བྱང་ཀོ་རི་ཡ་ལ་གཞུང་ཚབ་ཁང་ཡོད་མཁན་རྒྱལ་ཁབ་ཉུང་ཤས་གྲས་ཤིག་ཡིན་ན་ཡང་། ཕྱི་ལོ་༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཕྱིན་པ་དང་བསྟུན། བྱང་ཀོ་རི་ཡས་ས་མཚམས་ཡོངས་རྫོགས་ལ་དམ་དྲག་དང་བཀག་སྡོམ་བྱས་པར་བརྟེན། ཕྱི་རྒྱལ་གྱི་ཕྱི་འབྲེལ་མི་སྣ་དང་རོགས་སྐྱོར་ཚོགས་པའི་ལས་བྱེད་ཚང་མ་ཕྱིར་ལོག་དགོས་བྱུང་བ་བཞིན། རྒྱ་གར་གྱི་གཞུང་ཚབ་ཀྱང་བྱང་ཀོ་རི་ཡ་ནས་ཕྱིར་ལོག་དགོས་བྱུང་ཡོད་འདུག
ཕྱི་ལོ་༡༩༧༣ ལོར་རྒྱ་གར་དང་བྱང་ཀོ་རི་ཡའི་བར་ཕྱི་འབྲེལ་གྱི་འབྲེལ་བ་དངོས་སུ་བཙུགས་ཡོད་པ་དང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གཞི་ལ་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དཔལ་འབྱོར་བཀག་སྡོམ་མམ། ཉེས་ཆད་བཅད་ཡོད་པ་དང་། རྒྱ་གར་གྱིས་ཀྱང་དེ་ལ་བརྩི་སྲུང་གིས་ཕྱོགས་གཉིས་ཀྱི་བར་ཚོང་འབྲེལ་གྱི་གྲངས་འབོར་ཉུང་ཉུང་ལས་མེད་པ་རེད་འདུག
བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གཞི་ནི་རྒྱ་གར་གྱིས་སེམས་འཚབ་བྱེད་ས་ཞིག་ཡིན་པ་དང་། ལྷག་པར་དུ་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་དང་བྱང་ཀོ་རི་ཡའི་བར་རྡུལ་ཕྲན་ལག་རྩལ་གསང་བའི་ངང་བརྒྱུད་སྤྲོད་བྱས་པའི་ལོ་རྒྱུས་ཡོད་པས། གནས་དོན་དེས་རྒྱ་གར་གྱི་བདེ་འཇགས་ལ་ཡང་ཉེན་ཁ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག
གནས་དོན་དབྱེ་ཞིབ་པ་ཚོས། རྒྱ་གར་གྱི་ཕྱི་འབྲེལ་སྲིད་ཇུས་ནི་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་། ཕྱི་འབྲེལ་གྱི་འབྲེལ་ལམ་རྒྱུན་འཁྱོངས་བྱ་རྒྱུ་གལ་ཆེན་བརྩི་བཞིན་ཡོད་པ་ལྟར། གཞུང་ཚབ་གསར་པ་བསྐོ་གཞག་བྱས་པ་དེས་རྒྱལ་ཁབ་གཉིས་དབར་གཞུང་འབྲེལ་གྱི་འབྲེལ་ལམ་ཞིག་རྒྱུན་སྐྱོང་བྱེད་པ་མཚོན་པ་ལས། ད་བར་ཕྱོགས་གཉིས་བར་འཐབ་ཇུས་ཀྱི་མཉམ་ལས་མེད་པ་མ་ཟད། འགོ་ཁྲིད་རིམ་པའི་འཚམས་འདྲི་ཡང་མེད་པར་བརྗོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།