མི་ལོ་ལྔ་བཅུའི་གོད་ཆག

 བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༥༩ ཕྱི་ལོ་ ༢༠༡༥/༩/༩

རྒྱ་དམར་དྲག་པོའི་གཞུང་གིས་བོད་ཡུལ་ཡོངས་རྫོགས་དབང་བསྒྱུར་བྱས་པ་དང་ཕྱི་ལོ་༡༩༦༥ ལོར་བོད་རང་སྐྱོང་ལྗོངས་ཟེར་བ་དངོས་སུ་འགོ་བཙུགས་ནས་ད་ལྟའི་ཆར་མི་ལོ་༥༠ འཁོར་ཡོད་པ་དང། དེའི་ཆེད་དུ་རྒྱ་དམར་དྲག་གཞུང་གིས་ཆེད་དུ་དུས་ཆེན་གོ་སྒྲིག་བྱེད་བཞིན་ཡོད་འདུག སྐབས་འདིར་“ཀྲུང་གོའི་ཕུགས་འདུན་འགྲུབ་པར་བྱེད། བོད་ཀྱི་བརྗིད་ཆེའི་ལེའུ—རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་༥༠ འཁོར་བའི་གྲུབ་འབྲས་འགྲེམས་སྟོན”ཟེར་བ་ཞིག་ཀྱང་གོ་སྒྲིག་བྱས་ཡོད་ཚུལ་འུད་སྒྲོག་བྱས་འདུག

རྒྱ་དམར་གཞུང་གིས་དུས་རྒྱུན་བོད་ལ་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་ཡར་རྒྱས་སོང་ཡོད་ཚུལ་ཤོད་བཞིན་ཡོད་པ་ལས། བོད་ནང་གི་དངོས་ཡོད་གནས་ཚུལ་སྐོར་རྒྱ་དམར་གཞུང་གིས་དུས་ནམ་ཡང་གླེང་འདོད་མེད་ལ། ཕྱི་ཕྱོགས་ནས་གསར་འགོད་པ་རང་དབང་གི་ཐོག་ནས་འགྲོ་བསྐྱོད་མི་ཆོག་པ་མ་ཟད། དུས་རྒྱུན་ཛ་དྲག་ཆེ་བའི་སྐབས་སུ་ཁ་པར་བརྒྱུད་ལམ་དང་དྲ་ལམ་ཁག་ཀྱང་བཀག་འགོག་བྱེད་བཞིན་ཡོད་སྟབས་རྒྱ་གཞུང་གིས་གང་བཤད་ལྟ་བུར་གྱུར་ཡོད་ཅེས་བརྗོད་ཆོག བོད་རང་སྐྱོང་ལྗོངས་ཟེར་བའི་མིང་དེ་དངོས་སུ་ལག་བསྟར་བྱས་ནས་མི་ལོ་ཧྲིལ་པོ་༥༠ འཁོར་བའི་རིང་བོད་ཀྱི་ལོ་རྒྱུས་ཐོག་ནས་ཆེས་གོད་ཆག་ཆེ་ཤོས་ཀྱི་ལོ་ཟླ་ཞིག་ཏུ་གྱུར་ཡོད། བོད་རང་སྐྱོང་ལྗོངས་ཟེར་བ་འགོ་འཛུགས་བྱས་པའི་ལོ་རྗེས་མ་དེར་རིག་གནས་གསར་བརྗེ་ཆེན་མོ་ཟེར་བ་འགོ་ཚུགས་ཡོད་པ་དང། ལོ་བཅུའི་གོད་ཆག་དེའི་ནང་དུ་བོད་མི་རིགས་ལ་མཚོན་ན་འདས་པའི་ལོ་སྟོང་ཕྲག་མང་པོའི་རིང་རིམ་གསོག་བྱས་པའི་རིག་དངོས་ཕལ་མོ་ཆེ་རྩ་སྟོངས་སུ་བཏང་ཞིང། ལོ་བཅུ་དེའི་རིང་ལ་བོད་ཀྱི་ཆོས་དང་རིག་གནས་རྒྱུན་འཛིན་བྱེད་མཁན་དང་བོད་མི་རིགས་ཀྱི་བླ་མ་སྐྱེས་ཆེན་མང་པོ་ཞིག་དམར་གསོད་བཏང་ཡོད།

བོད་མི་རིགས་ཀྱི་དཔའ་བོ་དཔའ་མོ་མང་པོ་ཞིག་བཙོན་འཇུག་དམར་གསོད་བཏང་བ་སོགས་བོད་མི་རིགས་ལ་མཚོན་ན་རིག་གནས་གསར་བརྗེ་ཟེར་བའི་འཚུབ་རླུང་དེ་ནི་ཧ་ཅང་གོད་ཆག་ཆེ་བའི་ལོ་ཟླ་ཞིག་ཏུ་གྱུར་ཡོད། དེའི་རིང་གི་གྱོང་གུད་དང་སྟོང་ཆ་དེ་དག་གི་ཕྱོགས་ལ་རྒྱ་དམར་དྲག་གཞུང་གིས་མིག་གིས་མ་མཐོང་མདོག་དང་རྣ་བས་མ་ཐོས་ཚུལ་བྱེད་བཞིན་ཡོད། རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་དེ་གྲུབ་པའི་རྗེས་སུ་ཕྱི་ཕྱོགས་སུ་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་ཡར་རྒྱས་བཏང་ཡོད་རབས་བཤད་བཞིན་ཡོད་ལ། ལྷ་ས་དང། ཀོང་པོ། གཞིས་ཀ་རྩེ། ཆབ་མདོ་སོགས་དཔེ་མཚོན་དུ་དྲངས་ནས་བརྗོད་བཞིན་ཡོད། དོན་དངོས་སུ་བོད་མི་རིགས་ཀྱི་ཐོག་ནས་གལ་ཆེ་ཤོས་དེ་ཕྱིའི་དངོས་པོའི་ཡར་རྒྱས་ལས། ནང་སེམས་ཀྱི་ཡར་རྒྱས་དང་བདེ་སྐྱིད་དེ་གཙོ་བོར་འཛིན་གྱི་ཡོད་ཀྱང། བོད་ས་མ་ཤོར་བའི་སྔོན་དང་བསྡུར་ན་ཧ་ཅང་ཉམས་ཆག་ཏུ་གྱུར་ཡོད། ཆོས་ཕྱོགས་ནས་བཤད་ན་དཔེ་མཚོན་གཅིག་ནི་འདས་པའི་ལོ་རྒྱུས་ནང་སེ་ར་བདུན་སྟོང་བདུན་བརྒྱ་དང། འབྲས་སྤུངས་ལྔ་སྟོང་ལྔ་བརྒྱ། དགའ་ལྡན་སུམ་སྟོང་སུམ་བརྒྱ་ཟེར་བ་བཞིན་གདན་ས་སེ་འབྲས་དགེ་གསུམ་གྱི་གནས་སྟངས་དར་རྒྱས་ཆེན་པོ་ཡོད་ཀྱང། ད་ལྟའི་ཆར་དེ་དག་ཏུའང་གྲྭ་གྲངས་ཧ་ཅང་ཉུང་བ་མ་ཟད། དེ་དག་ཀྱང་དམར་ཤོག་གི་སློབ་གསོ་གཞིར་བཞག་གི་ཐོག་ནས་གསོ་སྐྱོང་བྱེད་བཞིན་པ་ལས། ནང་སེམས་ཀྱི་ཚན་རིག་ནང་བསྟན་རིག་གནས་རྣལ་མ་ཞིག་སྦྱང་རྒྱུའི་གོ་སྐབས་གཏན་ནས་མེད། ཆོས་བརྒྱུད་གཞན་དག་གི་གནས་སྟངས་ཀྱང་གཅིག་མཚུངས་ཡིན། གཏེར་རིགས་སྣ་ཚོགས་ཀྱིས་ཕྱུག་པའི་བོད་གངས་རིའི་ལྗོངས་ཀྱི་ཕྱིའི་སྣོད་ཀྱི་བཀོད་པ་དེ་རྒྱ་གཞུང་གི་ཧམ་ཤེད་ཀྱིས་བསྔོགས་ནས་ད་ལྟའི་ཆར་ཕལ་ཆེ་བ་སྟོང་པར་བསྒྱུར་ཟིན་ལ། བོད་ཀྱི་གཙང་པོ་ཆེ་ཁག་ཀྱང་ཁ་བསྒྱུར་ནས་ལྷོ་ཆུ་བྱང་འདྲེན་ཟེར་བའི་ལས་གཞི་ཆེན་པོ་ཞིག་ད་ལྟའི་ཆར་འགྲོ་བཞིན་ཡོད།

འདི་དག་ལ་བརྟེན་ནས་ད་ལྟའི་ཆར་འཛམ་གླིང་སྤྱི་དང་བྱེ་བྲག་གླིང་ཆེན་ཨི་ཤི་ཡའི་ནང་དུ་འབྱུང་བའི་གནོད་སྐྱོན་ཆེན་པོ་ཡོང་རྒྱུ་ཡིན་པར་ཚང་མས་ཞེད་སྣང་བྱེད་བཞིན་པའི་གནས་སྟངས་དེ་ཉིད་མིག་མདུན་དུ་ཡོད་པའི་གནས་ཚུལ་འབའ་ཞིག་ཡིན་ལ། གོང་དུ་དཔེ་མཚོན་ཙམ་དུ་དྲངས་པའི་ས་གནས་དེ་དག་གི་ཡར་རྒྱས་ཀྱི་རྣམ་པ་དེ་ཚོའི་ཁེ་དབང་ངམ་བདག་དབང་ངོ་མ་བོད་མི་རིགས་ཀྱི་ལག་ཏུ་ཡོད་དམ་ཞེས་དྲི་བ་བཏང་ན། དོན་དངོས་ཐོག་མང་ཆེ་བ་རྒྱ་དམར་གཞུང་དང། རྒྱ་རིགས་ཚོང་པ་ཕྱུག་བདག་དག་གི་ལག་ཏུ་ཡོད་པ་ལས། བོད་མི་རིགས་ལ་དབང་བ་ཞིག་གཏན་ནས་མིན། དེར་བརྟེན་ཡར་རྒྱས་འདི་དག་ཤེལ་སྒོའི་ནང་གི་མོག་མོག་དང་གཅིག་པ་ཡིན་པའི་སྐད་ཆ་རྙིང་པ་འདི་བསྐྱར་ཟློས་ཤིག་བྱེད་དགོས་བྱུང། ད་ལྟའི་ཆར་བོད་མི་རིགས་ནི་ཁ་གྲག་མི་ཕོད་པ་དང། ལག་འགུལ་མི་ཕོད་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་འདི་ནི་བོད་ཀྱི་ལོ་རྒྱུས་ཀྱི་ནང་གི་ཆེས་སྡུག་ཤོས་ཀྱི་དུས་ཚོད་ཅིག་ཏུ་གྱུར་ཡོད། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་བཟའ་བཏུང་གི་དཀའ་ངལ་མེད་པ་ཙམ་ལ་ཡར་རྒྱས་ཀྱི་ཐ་སྙད་འདི་ཉིད་འོས་འཚམས་ཤིག་གཏན་ནས་མིན་པ་ནི་ཚང་མས་ཤེས་གསལ་རེད། མདོར་ན་བོད་ཡུལ་དང་བོད་མི་རིགས་དེ་རྒྱ་དམར་དྲག་པོའི་གཞུང་གི་དབང་བསྒྱུར་འོག་ཏུ་རང་དབང་སྤུ་རྩེ་ཙམ་མེད་པར་གནས་ཡོད་པ་དང། ཡ་རབས་བཟང་སྤྱོད་དང་འབྲེལ་བ་ཡོད་པའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དག་ཀྱང་རེ་རེ་བཞིན་ཉམས་གུད་དུ་བཏང་ནས། རྒྱ་གཞུང་གིས་གཅན་གཟན་པགས་རིགས་ཁྱབ་བརྡལ་དུ་གཏོང་རྒྱུའི་སྲིད་བྱུས་དང། ཕྱི་སྡོད་བོད་མིའི་འཐུས་ཚབ་ཡིན་ཚུལ་བརྗོད་ནས་དོལ་རྒྱལ་ཁ་འཁྱེར་བ་རྒྱ་མིའི་རྒྱུག་ཁྱི་གངས་ཅན་རྒྱ་བོ་དང་རྗེས་འབྲངས་པ་ཁག་ཅིག་ཆེད་འབོད་བྱས་པ་སོགས་ནི་བྱིས་པའི་རྩེད་མོ་ལྟ་བུ་ལས་བོད་མི་རིགས་ཀྱི་ཚབ་མཚོན་དང་སེམས་པ་འགུག་ཐུབ་པའི་ལས་དོན་ཞིག་གཏན་ནས་མིན།།