“མི་ཤི་རྗེས་ཡག སྟོན་ཐོག་ན་ནིང་ཡག”

ཆེད་བརྗོད།

ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་ཚེ་ལས་འདས་པ་དང། རྒྱ་ནག་རྒྱལ་ཡོངས་སུ་ཚ་ཚ་འུར་འུར་གྱིས་མྱ་ངན་གུས་འདུད་དང་རྗེས་དྲན་གྱི་མཛད་སྒོ་མང་པོ་ཞིག་འཚོགས་སོང་བ་དང། རྒྱ་ནག་གི་བརྙན་འཕྲིན་བརྒྱུད་ལམ་ཁག་ཚང་མར་རྒྱ་ནག་དབུས་གཞུང་གི་བརྙན་ལམ་(CCTV)ཐད་གཏོང་བརྒྱུད་ཞིས་ཅིན་ཕིང་གིས་གཏམ་བཤད་བྱས་ནས། གསར་ལམ་ཁག་ཏུ་“རྒྱལ་ཡོངས་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཅང་ཙེ་མིན་ལ་རྗེས་དྲན་ཟབ་མོ་ཞུས་པ།”ཞེས་དང། “བློ་མཐུན་ཅང་ཙེ་མིན་གྱི་ཕུལ་དུ་བྱུང་བའི་གཤིས་རྒྱུད་དང་བླ་ན་མེད་པའི་ཉམས་འགྱུར་གྱིས་ང་ཚོ་མདུན་སྐྱོད་བྱེད་པར་ནམ་ཡང་སློབ་གསོ་དང་སྐུལ་མ་ཐེབས་ངེས་རེད།”ཅེས་བསྔགས་བརྗོད་བྱེད་བཞིན་འདུག་པ་དང། ཅང་ཙེ་མིན་གྱི་བཟའ་ཟླ་འཁོར་སྟེགས་སུ་བསྡད་ནས་མཛད་སྒོར་མཉམ་ཞུགས་བྱས་འདུག་ཀྱང། ཁོང་གི་ངོ་གདོང་དུ་ཞིས་ཅིན་ཕིང་གི་གཏམ་བཤད་དང་། རྗེས་དྲན་གྱི་མཛད་སྒོ་ལ་ཡིད་མགུ་བའམ། ཡིད་འགུལ་ཐེབས་པའི་རྣམ་པ་གང་ཡང་མཐོང་རྒྱུ་མི་འདུག

ད་ལྟའི་ཆར་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་ཟིན་པའི་ཅང་ཙེ་མིན་གྱི་“‘མཚོན་བྱེད་གསུམ་’གྱི་དགོངས་པ་གལ་ཆེན་”ཟེར་བ་ནི། “རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བའི་བླང་བྱ་མཚོན་པ་དང་། ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཚོན་པ། ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་བཅས་དམིགས་སུ་ནན་སྟོན་བྱས་ཡོད་”འདུག་ལ། དེ་ནི་གཞི་རྩའི་ལམ་ཕྱོགས་ལྟ་བུར་ངོས་འཛིན་བྱེད་བཞིན་འདུག ད་དུང་“‘མཚོན་བྱེད་གསུམ’གྱི་དགོངས་པ་གལ་ཆེན་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་ཞིང་། དེ་ལས་མཛུབ་ཁྲིད་བསམ་བློའི་ཐད་ཏང་ལ་སླར་ཡང་དུས་བསྟུན་འཕེལ་རྒྱས་བྱུང་བ་མ་ཟད། མར་ཁེ་སི་རིང་ལུགས་པ་ངོ་མ་ཞིག་གི་ཆབ་སྲིད་ཀྱི་བློ་སྟོབས་དང་རིག་པའི་གཞུང་ལུགས་ཀྱི་བློ་སྟོབས་ཆེན་པོའང་མཚོན་ཡོད”ཅེས་འུད་སྒྲོག་བྱེད་བཞིན་འདུག

ཏེང་ཞོ་ཕིང་གིས་རྒྱ་ནག་རྒྱལ་ཡོངས་སུ་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་སྲིད་བྱུས་དེ་ལག་བསྟར་བྱས་པ་དང། དཔལ་འབྱོར་ཡར་རྒྱས་གཏོང་བའི་ཆེད་དུ་“ཞུམ་བུ་ལ་དཀར་ནག་གི་དབྱེ་བ་མེད་པར། ཙི་ཙི་གསོད་ཐུབ་དགོས་”ཞེས། སྤྱི་ཚོགས་རིང་ལུགས་དང་། མ་རྩ་རིང་ལུགས་ཀྱི་ཁྱད་པར་མེད་པར་ཕྱུག་པོ་ཆགས་དགོས་པའི་སྲིད་བྱུས་ལ་བརྟེན་ནས། རྒྱ་ནག་ཁྱོན་ཡོངས་སུ་དཔལ་འབྱོར་ཡར་རྒྱས་ཅན་དུ་འགྱུར་འགོ་ཚུགས་ཡོད་པ་དང། ལྷག་པར་དུ་ཅང་ཙེ་མིན་རྒྱ་ནག་གི་སྲིད་འཛིན་བྱེད་བཞིན་པའི་སྐབས་སུ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རྒྱ་ནག་ལ་འགྱུར་ལྡོག་ཤུགས་ཆེན་པོ་སོང་ཡོད། འོན་ཀྱང་དོན་དངོས་སུ་ཆབ་སྲིད་ཀྱི་ཐོག་ནས་ཅང་གི་དུས་སུ་བོད་དང། ཧྥ་ལོང་ཀོང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པར་དྲག་གནོན་བྱས་པ་དང། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་གནས་ཚུལ་ལ་ཡར་རྒྱས་གཏན་ནས་སོང་མེད་ལ། བོད་ལ་མཚོན་ན་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་འཛིན་བཟུང་བཀག་ཉར་བྱས་པས་མཚོན་བོད་ས་སྟོད་སྨད་བར་གསུམ་དུ་ཚད་ལས་བརྒལ་བའི་དམ་དྲག་བྱས་ཡོད།

ཅང་ཙེ་མིན་ལས་གནས་ནས་འཁྱུར་རྗེས་ཧུའུ་ཅིན་ཐའོ་རྒྱ་ནག་གི་སྲིད་འཛིན་དུ་སླེབས་ཀྱང། མིང་ཙམ་ལས་དོན་དུ་ཅང་གི་དབང་བསྒྱུར་འོག་གནས་དགོས་བྱུང་བ་དང། ཧུའུ་ཡི་དུས་སྐབས་སུ་ཅང་གི་ཕྱོགས་གཏོགས་པས་ཕྱོགས་གང་ས་ནས་དབང་ཆ་ཡོད་ཚད་བཟུང་ཡོད། འོན་ཀྱང་ཞིས་ཅིན་ཕེང་སྲིད་འཛིན་དུ་སླེབས་ནས་སྟག་དང་སྦྲང་མ་མཉམ་གསོད་ཀྱི་སྲིད་བྱུས་བཟུང་ནས། པོ་ཞིས་ལེ་དང། ཅང་ཙེ་མིན་དང་གཉེན་ཚན་གྱི་འབྲེལ་བ་ཡོད་པའི་གྲུའུ་ཡུང་ཁང་སོགས། ཅང་དང་འབྲེལ་བ་ཡོད་ཅིང་གོ་གནས་ཆེ་བའི་དཔོན་རིགས་ཕལ་ཆེ་བ་འཛིན་བཟུང་བཙོན་འཇུག་དང་། ལས་གནས་ནས་ཕབ་པ། རྒྱུ་ནོར་གཞུང་བཞེས་བཏང་ཡོད་པ་སོགས་དང། ཞིས་ཅིན་ཕིང་མ་ཤིའི་བར་རྒྱ་ནག་གི་ཆབ་སྲིད་དབང་ཆ་འཛིན་ཐུབ་པ་ཞིག་བྱས་ཡོད་པ་ལས། ཞིས་ཅིན་ཕིང་ཕྱོགས་གཏོགས་དང་བཅས་པས་ཅང་ཙེ་མིན་ལ་དོན་གྱིས་བརྩི་འཇོག་དང་གུས་བཀུར་བྱས་མེད་ཀྱང། ཤི་ཟིན་པའི་རྗེས་སུ་མིང་ཚིག་ཡག་ཤོས་ཚང་མ་བེད་སྤྱད་དེ་བསྔགས་བརྗོད་དང་རྗེས་དྲན་ཚད་མེད་བྱེད་བཞིན་འདུག

མདོར་ན་དེ་ནི་བོད་པའི་ཁ་རྒྱུན་དུ། “མི་ཤི་རྗེས་ཡག སྟོན་ཐོག་ན་ནིང་ཡག”ཅེས་པའི་དཔེ་བཞིན་ཤི་ཚར་རྗེས་ཁོ་པར་ཤུགས་རྐྱེན་གང་ཡང་མེད་པས་རྣམ་འགྱུར་དེ་ལྟ་བུ་ཞིག་བསྟན་པ་ཡིན་སྲིད་ལ། མ་འོངས་པར་ཞིས་ཁོ་རང་ཡང་ལམ་ཁ་དེར་བསྐྱོད་དགོས་པས་ཀྱང་ཡིན་སྲིད། གང་ལྟར་བོད་དང་བོད་མིའི་ངོས་ནས་བཤད་ན་ཞིས་ཅིན་ཕིང་དང། ཧུའུ་ཅིན་ཐའོ། ཅང་ཙེ་མིན་ཚང་མ་གཅིག་མཚུངས་བཞིན་དགྲ་བོ་ཡིན་པ་ལས། གུས་བཀུར་ཞུ་ཡུལ་དང་བསྟོད་བསྔགས་གཏོང་ཡུལ་ཞིག་གཏན་ནས་མིན་ལ། དཔོན་ངན་མཁྲེགས་འཛིན་ཅན་འདི་ལྟ་བུ་དག་གིས་མུ་མཐུད་གཅིག་སྡུད་དབང་འཛིན་གྱི་ལམ་ལུགས་ལག་བསྟར་བྱས་ནས། བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་སོགས་ཡུལ་གྲུ་གང་མང་ཞིག་ལ་དྲག་གནོན་དང་རྡུང་རྡེག་ཆེན་པོ་ཕོག་ཡོད། མ་འོངས་པར་ཡང་དུས་ཡུན་རིང་པོར་རྒྱ་ནག་ནང་མི་རིགས་རིང་ལུགས་ཀྱི་ཤུགས་རྐྱེན་ངན་པ་འདི་རྩ་མེད་འགྲོ་དཀའ་བས། བོད་རང་བཙན་སླར་གསོའི་ཕྱོགས་སུ་གོམ་ཁ་བསྒྱུར་རྒྱུ་ལས་རེ་བ་གང་ཡང་མེད་པས་དེ་ལུགས་ཀྱིས་གྲ་སྒྲིག་བྱེད་དགོས་པ་གལ་ཆེན་པོར་གྱུར་ཡོད།།

Share this:

Leave a Reply