མི་སྣ་གཙོ་བོའི་གྲས་སུ་བོད་མི་ཞིག་ཡོད་པའི་རྒྱ་གར་གློག་བརྙན་ལ་བསྟོད་བསྔགས་ཐོབ་བཞིན་འདུག

བོད་མི་གློག་བརྙན་འཁྲབ་སྟོན་པ་གཞན་ཕན་ཡོད་པའི་རྒྱ་གར་གློག་བརྙན་(Shaadisthan) ཞེས་པ་དེ། ཟླ་༦ པའི་ཚེས་༡༡ ཉིན་རྒྱ་གར་གྱི་དྲ་ཐོག་གློག་བརྙན་བལྟ་ཡུལ་(Hotstar) ཐོག་ཏུ་འགྲེམས་སྤེལ་བྱས་ཡོད་པ་དང་། དེང་གི་ཆར་བརྒྱུད་ལམ་ཁག་ཏུ་གློག་བརྙན་དེར་བསྟོད་བསྔགས་མང་པོ་ཐོབ་བཞིན་འདུག

དེ་ཡང་གློག་བརྙན་དེའི་ནང་གི་འཁྲབ་སྟོན་མི་སྣ་གཙོ་བོའི་གྲས་སུ་བོད་མི་གཞན་ཕན་ཡོད་པ་དང་། ཁོང་གིས་གློག་བརྙན་དེའི་ནང་འཁྲབ་སྟོན་མི་སྣ་ཞིག་ལ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དང་། རང་གི་ཕ་མ་གཉིས་རྒྱ་གར་དུ་བཙན་བྱོལ་ལ་ཡོང་ནས་དེ་གར་སྐྱེས་པ་ཡིན་པའི་སྐོར་བརྗོད་ཀྱི་འདུག བོད་མི་ཁག་ཅིག་གིས་སྐད་ཆ་དུམ་མཚམས་དེ་གློག་བརྙན་གྱི་འཁྲབ་ཁྲིད་པ་སོགས་ཀྱིས་ཞིབ་བཤེར་མ་བྱས་པར་དགའ་བསུ་ཞུས་འདུག བོད་མི་མང་པོ་ཞིག་གིས་གློག་བརྙན་དེ་བལྟས་ནས་གཞན་ཕན་ལ་དགའ་བསུ་ཆེན་པོ་ཞུ་ཡི་འདུག་པ་དང་། གཞན་ཕན་གྱིས་ད་བར་གློག་བརྙན་མི་འདྲ་བ་ཁག་ཅིག་འཁྲབ་ཁྲིད་དང་རང་ཉིད་ཀྱང་དེ་དག་ནང་འཁྲབ་སྟོན་བྱས་ཡོད་པ་རེད།

ཉེ་སྔོན་ཁོང་གིས་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་གི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་(Broken wings) ཞེས་པ་ཞིག་བཟོ་སྐྲུན་བྱས་ཡོད་པ་དང་། གློག་བརྙན་དེར་བོད་མི་གཙོས་པས་རྡོ་རྗེ་གླིང་གནས་སྡོད་མང་པོ་ཞིག་གིས་ངང་སྒུག་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།