མིག་ནད་སྨན་བཅོས་ཀྱི་ལས་གཞི་འགོ་འཛུགས།
ཟླ་འདིའི་ཚེས་༢༥ ཉིན་དྷ་ས་བདེ་ལེགས་སྨན་ཁང་དུ། ཉིན་གསུམ་རིང་རིན་མེད་མིག་གི་བརྟག་དཔྱད་དང་ལིང་ཏོག་བཤའ་བཅོས་ཀྱི་ལས་གཞི་འགོ་འཛུགས་བྱས་སོང་།
ལས་རིམ་དངོས་གཞི་འགོ་མ་བཙུགས་པའི་སྔོན་དུ། ཧི་མ་ཅཱལ་མངའ་སྡེའི་ཀང་རཱ་རྫོང་གི་ཉེན་རྟོག་དཔོན་སྐུ་མགྲོན་གཙོ་བོར་ཕེབས་ཏེ། ཁོང་གིས་གཟིགས་སྐོར་དང་འབྲེལ། རྒྱ་གར་གཞུང་གིས་དུས་རྟག་ཏུ་ས་ཆ་དང་མི་མང་ཚང་མར་སྙོབ་ཐབས་མེད་པས། སྤྱི་ཚོགས་ནང་ཚོགས་པ་ཁག་གིས་འགན་བླངས་ཏེ། སྤྱི་ཚོགས་ཞབས་ཞུའི་ལས་ཀ་མང་པོ་བྱེད་ཀྱི་ཡོད་པ་དེར་ཁོ་རང་དགའ་པོ་དང་རྒྱབ་སྐྱོར་ཡོད་པ། ལས་གཞི་དེ་ནི་དྷ་སའི་བོད་རིགས་དང་རྒྱ་གར་བའི་དབར་གྱི་མཐུན་སྒྲིལ་ཡང་མཚོན་གྱི་ཡོད་སྐོར་སོགས་གསུངས་སོང།
བདེ་ལེགས་སྨན་ཁང་གི་འགྲམ་དུ་བོད་རིགས་དང་རྒྱ་གར་བ་རྒན་གཞོན་ཉིས་བརྒྱ་ལྷག་གིས་ལག་ཏུ་བརྟག་དཔྱད་ཀྱི་ཨང་རིམ་འཁོད་པའི་ཤོག་བུ་ཁྱེར་ནས་བསྒུག་འདུག་པ་དང། ཐོག་མར་དེ་རིང་བརྟག་དཔྱད་བྱས་ཏེ། ལིང་ཏོག་བཤའ་བཅོས་བྱེད་དགོས་ཚེ། སང་ཉིན་སྨན་པས་བཤའ་བཅོས་བྱེད་རྒྱུ་ཡིན་འདུག
བདེ་ལེགས་སྨན་ཁང་གི་འགན་འཛིན་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་ལས་གཞི་དང་འབྲེལ་ནས་ངོ་སྤྲོད་གནང་དོན། ལས་གཞི་འདི་འགོ་བཙུགས་ནས་ལོ་༡༦ འགྲོ་བཞིན་ཡོད་པ་དང། དེ་ཡང་ཉི་ཧོང་མིག་སྨན་ཆེད་ལས་པའི་མཐུན་ཚོགས་ཀྱི་མཐུན་གྱུར་འོག ལོ་ལྟར་ལོ་མཇུག་གི་གུང་སེང་དང་བསྟུན་ནས། ཉི་ཧོང་གི་མིག་སྨན་པ་དང་སྨན་ཞབས་པ་སོགས་དེ་གར་ཕེབས་ཏེ། རིན་མེད་ཐོག་མིག་བརྟག་དཔྱད་དང་ལིང་ཏོག་བཤའ་བཅོས་བྱེད་ཀྱི་ཡོད་པ། དེ་བཞིན་ཐོག་མར་ལས་གཞི་འདི་བོད་པ་གཅིག་པུ་ལ་ཡིན་ཡང། དྷ་སར་བོད་པ་མིག་ནད་པ་ཉུང་ཏུ་ཕྱིན་པས། རྒྱ་གར་རཱོ་ཊི་རའི་རེས་ཚོགས་པ་བརྒྱུད། རྒྱ་གར་གྲོང་གསེབ་ཀྱི་རྒན་ཁོག་རྣམས་ལ་ཡང་རིན་མེད་ཐོག་བཤའ་བཅོས་བྱེད་འགོ་བཙུགས་པ། ད་བར་ལོ་ལྟར་ནད་པ་༢༠༠ ནས་༥༠༠ བར་བརྟག་དཔྱད་བྱེད་པར་ཡོང་གི་ཡོད་པ་དང། ནད་པ་༤༧ ནས་༧༥ བར་ལ་མིག་གི་ལིང་ཏོག་བཤའ་བཅོས་བྱེད་ཀྱི་ཡོད་པ། དེ་བཞིན་བདེ་ལེགས་སྨན་ཁང་དུ་མིག་བཤའ་བཅོས་ཀྱི་ལས་གཞིའི་སྤུས་ཀ་ཡག་པོ་ཡོད་པས། ས་གནས་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་ལ་གསུངས་སོང།
སྤྱིར་སྒེར་གྱི་སྨན་ཁང་ལ་མིག་བཤའ་བཅོས་བྱེད་པར་ཧིན་སྒོར་༢༥,༠༠༠ ནས་༣༠,༠༠༠ བར་འགྲོ་ཡི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།