མིག་བཙུམ་གྲོང་སྡེའི་ལས་གཞི།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༤༢གི་ཆེད་བརྗོད།)
ཨ་རིའི་གཞུང་གིས་བཙན་བྱོལ་བོད་གཞུང་ལ་གནང་བཞིན་པའི་རོགས་དངུལ་ལས་ཨ་སྒོར་ས་ཡ་བཅུ་གཉིས་མཚམས་འཇོག་བྱས་པས་ལས་འཆར་མང་པོ་ཞིག་མུ་མཐུད་འགྲོ་མི་ཐུབ་པར་གྱུར་ཀྱང་། ལོ་འདིར་དཔལ་འབྱོར་གྱི་དཀའ་ངལ་མེད་ཙམ་བྱུང་ཡོད། འོན་ཀྱང་མ་འོངས་པར་མུ་མཐུད་ཨ་རིའི་རོགས་དངུལ་སླར་གསོ་མ་ཐུབ་ན་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་ངེས་རེད། ད་ལྟའི་ཆར་བཙན་བྱོལ་སྲིད་གཞུང་ཙམ་ཞིག་མིན་པར་རང་བཙན་ཡོད་པའི་རྒྱལ་ཁབ་མང་པོ་ཞིག་ལའང་ཨ་རིས་རོགས་དངུལ་བཅད་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། བོད་པའི་ཁ་དཔེར་“ཨ་སེར་ཁ་བ་སྤྱི་འབབ་ལས། རྒན་མོ་མ་བུའི་སྒོས་སྡུག”མིན་ནའང་། ཚོང་ལས་སོགས་ཡོང་འབབ་གཞན་གང་ཡང་མེད་ཅིང་། མི་མང་གི་ལག་ནས་ཁྲལ་འབབ་ཆེན་པོ་གང་ཡང་བསྡུ་རྒྱུ་མེད་པར་འགྲོ་སོང་གི་བརྒྱ་ཆ་༩༠ ཙམ་རོགས་དངུལ་ཁོ་ན་ལ་བརྟེན་དགོས་པའི་བཙན་བྱོལ་བའི་གཞུང་ཞིག་ལ་མཚོན་ན། རོགས་དངུལ་མཚམས་ཆད་པས་དཀའ་ངལ་འཕྲད་རྒྱུ་ཡིན་པ་ནི་སྨྲོས་མེད་རེད།
ཉེ་ཆར་སྔོན་རྩིས་གྲོས་ཚོགས་སྐབས་ཨ་རིའི་མེ་ནེ་སོ་ཊར་རུབ་སྡོད་བོད་མིའི་སྡོད་ཁང་གསར་སྐྲུན་གྱི་ས་ཆ་གསར་ཉོའི་ཆེད་བཀའ་ཤག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་བྱང་ཨ་རིའི་དོན་གཅོད་ཁང་གི་མིང་ཐོག་ནས་མེ་ནེ་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་མིང་ཐོག་ཏུ་ཨ་སྒོར་ས་ཡ་བཞི་གཡར་རྒྱུའི་སྔོན་རྩིས་ལ་གཅོག་ཆའི་གྲོས་འཆར་འདོན་མཁན་བྱུང་ཡོད་ཀྱང་། གྲོས་འཆར་དེ་ལ་རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་༨ ལས་མ་བྱུང་ཞིང་དགག་བྱ་བྱེད་མཁན་སྤྱི་འཐུས་༡༠ བྱུང་བས་མང་མོས་ཀྱིས་གཡར་རྒྱུའི་ཐག་གཅོད་བྱས། ལས་འཆར་འདི་ཁ་གསལ་གཏིང་གསལ་མེད་པ་དང་། བོད་མིའི་སྒྲིག་འཛུགས་ལ་ཨ་རིའི་རོགས་དངུལ་ཆད་པས་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ། གནད་དོན་དེའི་ཐོག་མེ་ནེ་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་ནང་ཁུལ་དང་། ས་གནས་ཀྱི་བོད་རིགས་ནང་རྩོད་རྙོག་དང་གླེང་ཕྱོགས་མང་པོ་ཡོད་པས་གོང་གསལ་སྤྱི་འཐུས་གྲངས་༡༨ ཙམ་ལས་གཞན་སྤྱི་འཐུས་ཚང་མ་སྐབས་འདིར་བཏང་སྙོམ་དུ་བསྡད་ཡོད།
གནས་ཚུལ་དེ་གྲོས་ཚོགས་སུ་སླེབས་པས་མེ་ནེ་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་༨ ཀྱིས་སྤྱི་འཐུས་ལྷན་ཚོགས་ལ་སྙན་ཞུ་ཞིག་ཕུལ་ནས། “ཕྱི་ལོ་༢༠༢༥ ཕྱི་ཟླ་༢ ཚེས་༢༠ ལ་བསྐུར་གནང་བའི་ཡིག་ཆ་དེ་ང་ཚོ་རྒྱུན་ལས་གསུམ་ཆ་གཉིས་ཙམ་གྱིས་ཤེས་རྟོགས་དང་གོ་བསྡུར་མེད་པར་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་གཉིས་ཀྱིས་བཏང་བ་ཞིག་ཡིན་འདུག མ་ཟད་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཨ་རིའི་དོན་གཅོད་གཉིས་བར་ལ་བཞག་པའི་ཡིག་ཆའི་སྐོར་ལ་རྒྱུན་ལས་མང་པོ་ཞིག་གིས་ཤེས་རྟོགས་མེད་པ་མ་ཟད། མ་འོངས་ལས་གཞི་འདི་ཕྱི་གསལ་ནང་གསལ་དང་ཁ་གསལ་མེད་པའི་རྐྱེན་གྱིས་རྒྱུན་ལས་གསུམ་ཆ་གཉིས་ཙམ་བློ་འཚབ་ཆེན་པོའི་ངང་མ་འོངས་པར་སྤྱི་མཐུན་ཚོགས་པས་འགན་འཁུར་དང་ལས་གཞི་མཇུག་སྐྱོང་ཐུབ་པར་དཀའ་བས་དེ་ལུགས་དགོངས་འཇགས་ཡོད་པ་ཞུ་”ཞེས་བྲིས་ཡོད་པས། དོན་གཅོད་དངོས་སུ་ཐུག་ནས་འགྲེལ་བཤད་ཇི་ཙམ་བྱས་ཀྱང་སྙན་ཞུ་འབུལ་མཁན་ལས་མི་གཅིག་མ་གཏོགས་ཕྱིར་འཐེན་བྱས་མེད།
སྲིད་སྐྱོང་གིས་སྙན་ཞུ་དེ་དང་འབྲེལ་བའི་སྐོར་གྲོས་ཚོགས་སུ་གསལ་བཤད་བྱས་པར། མེ་ནེ་སོ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་བདུན་གྱིས་སླར་ཡང་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཞུ་ཞིག་ཕུལ་བའི་ནང་། སྲིད་སྐྱོང་གིས་གྲོས་ཚོགས་ནང་གནད་དོན་དེའི་སྐོར་གསལ་བཤད་གནང་བའི་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་མང་པོ་ཡོད་སྐོར་དང་། “ལས་གཞི་འདི་ཕྱི་གསལ་ནང་གསལ་དང་ཁ་གསལ་མེད་པས་བློ་འཚབ་ཀྱིས་གློག་འཕྲིན་འདི་བཏང་བ་ཞིག་ཡིན་ཞིང་། མཐའ་དོན་ཐག་གཅོད་དེ་གྲོས་ཚོགས་ནས་གནང་རོགས་ཞུ། ཡིན་ཡང་མ་འོངས་པར་བོད་མིའི་སྒྲིག་འཛུགས་དང་སྤྱི་མཐུན་ཚོགས་པའི་བར་དཀའ་ངལ་བྱུང་ཚེ་ང་ཚོ་རྒྱུན་ལས་རྣམས་ཀྱིས་འགན་ཁུར་ཞུ་ཐབས་མེད་”ཅེས་ཐ་ཚིག་ཅིག་བསྒྲགས་འདུག་པས། གྲོང་སྡེ་གསར་སྐྲུན་གྱི་ལས་གཞིའི་འགན་ཁུར་མཁན་གྲས་སུ་རྒྱུན་ལས་ཁ་ཤས་ཡོད་པ་དང་། ས་གནས་སུ་ལས་འཆར་དེ་ཕྱི་གསལ་ནང་གསལ་མེད་པས་དོགས་པ་ཡོད་མཁན་མང་པོ་ཡོད་པས་རྩོད་རྙོག་ཆེན་པོ་ཞིག་འབྱུང་རྒྱུའི་ཉེན་ཁ་འདུག
མདོར་ན་ལས་འཆར་དེའི་འགན་ཁུར་མཁན་འོས་བསྡུའི་སྐབས་སྤེན་པ་ཚེ་རིང་ལ་མིག་བཙུམ་ནས་སྲིད་སྐྱོང་གི་འོས་ཤོག་འཕེན་དགོས་ཞེས་ཡོངས་ཁྱབ་ཀྱིས་བརྗོད་མཁན་བསྟན་འཛིན་ཤེས་རབ་སོགས་ཡོད་པས། ས་གནས་སུ་རྩོད་རྙོག་དང་ལས་གཞི་ལག་བསྟར་ཐུབ་མིན། ཨ་སྒོར་ས་ཡ་བཞི་ཕྱིར་སློག་ཐུབ་མིན་སོགས་དོགས་པ་ཆེན་པོ་ཡོད་ཀྱང་། མིག་བཙུམ་ནས་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་བཀའ་ཤག་གིས་ཀྱང་ཨུ་ཚུགས་མཐར་སྐྱེལ་གྱིས་མིག་བཙུམ་ནས་རོགས་སྐྱོར་བྱས་པའི་རྣམ་པ་གསལ་པོ་ཡོད་ལ། སྤྱི་འཐུས་བཅུ་ཡིས་ཀྱང་མིག་བཙུམ་ནས་རྒྱབ་སྐྱོར་བྱས་ཡོད་པས། ལས་འཆར་འདི་ལ་“མིག་བཙུམ་གྲོང་སྡེའི་ལས་གཞི་”ཞེས་བརྗོད་ཆོག་པ་ལྟ་བུར་གྱུར་ཡོད། ཨ་རིའི་དོན་ཁང་གིས་དངུལ་ཕོན་ཆེ་དེ་འདྲ་ཞིག་གཞན་ལ་གཡར་བ་ཁྲིམས་མཐུན་ཡིན་མིན་ཡང་དྲི་བ་ཆེན་པོ་ཞིག་རེད་ལ། བོད་གཞུང་གིས་ཨ་རིར་ཨ་སྒོར་ས་ཡ་བཞི་གཡར་ཐུབ་ཀྱི་ཡོད་དུས། རང་བཞིན་གྱིས་རོགས་ཚོགས་གཞན་ལ་རོགས་རམ་གནང་རོགས་ཞེས་ཞུ་མི་ཤེས་པ་ལྟ་བུར་ཡང་གྱུར་པ་མིན་ནམ།།