མེ་ཊ་ཚོང་ལས་ཁང་གིས་རྒྱ་གཞུང་དང་འབྲེལ་བའི་ངོ་དེབ་ཁ་བྱང་རྫུན་མ་༡༨ ཙམ་མེད་པ་བཟོས་འདུག
རྒྱ་ནག་དང་འབྲེལ་བ་ཡོད་པའི་ངོ་དེབ་སོགས་སྤྱི་ཚོགས་བརྒྱུད་ལམ་བེད་སྤྱོད་བྱེད་མཁན་ཁག་ཅིག་གིས། བོད་རིག་པའི་མཁས་དབང་དང་ཨ་རུ་ན་ཅལ་མངའ་ཁུལ་གྱི་གསར་འགོད་པ་སོགས་ཡིན་ཁུལ་བྱས་ནས། བོད་དང་རྒྱ་གར་ལ་དམིགས་ནས་གནས་ཚུལ་རྫུན་མ་ཁྱབ་སྤེལ་བྱེད་བཞིན་ཡོད་འདུག་པས། མེ་ཊ་ཚོང་ལས་ཁང་གིས་རྒྱ་གཞུང་དང་འབྲེལ་བའི་ངོ་དེབ་ཁ་བྱང་རྫུན་མ་༡༨ ཙམ་མེད་པ་བཟོས་འདུག

ཟླ་འདིའི་ཚེས་༥ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས་ངོ་ལོ་བཅུ་ཕྲག་ཁ་ཤས་ཕྱིན་པའི་རྗེས་སུ་ཡང་། བོད་དང་འབྲེལ་བའི་གནས་ཚུལ་ལ་སྟངས་འཛིན་མུ་མཐུད་བྱེད་བཞིན་ཡོད་པ་དང་། ༧གོང་ས་མཆོག་གི་ཤུགས་རྐྱེན་ནི་བོད་མི་ནང་ཁུལ་ཙམ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པ་ནི་རྒྱ་གཞུང་གིས་བོད་ལ་དབང་སྒྱུར་བྱེད་པར་དཀའ་ངལ་ཞིག་ཏུ་ངོས་འཛིན་བྱས་ཏེ། ༧གོང་ས་མཆོག་ནི་རྒྱ་ནག་གི་དྲིལ་བསྒྲགས་ལོག་པའི་དམིགས་འབེན་གཙོ་བོ་ཞིག་ཏུ་གྱུར་ཡོད་པར་བརྗོད་འདུག།
མེ་ཊ་ཚོང་ལས་ཁང་གིས་བཏོན་པའི་སྙན་ཐོ་ལྟར་ན། རྒྱ་ནག་དང་འབྲེལ་བ་ཡོད་པའི་ངོ་དེབ་སོགས་སྤྱི་ཚོགས་བརྒྱུད་ལམ་བེད་སྤྱོད་བྱེད་མཁན་ཁག་ཅིག་གིས། བོད་རིག་པའི་མཁས་དབང་དང་ཨ་རུ་ན་ཅལ་མངའ་ཁུལ་གྱི་གསར་འགོད་པ་སོགས་ཡིན་ཁུལ་བྱས་ནས། ༧གོང་ས་མཆོག་ལ་མཚན་སྨད་དང་སྐྱོན་བརྗོད་བྱས་ཏེ། ཁོང་གི་ཤུགས་རྐྱེན་ཆུང་དུ་གཏོང་ཐབས། བོད་དང་བོད་ཀྱི་སྲིད་དོན་སྐོར་གྱི་ནོར་འཁྲུལ་ཅན་གྱི་ནང་དོན་ཁྱབ་སྤེལ་བྱས་པའི་ལས་འགུལ་སྤེལ་བཞིན་ཡོད་པ་དང་།
ལས་འགུལ་སྤེལ་མཁན་དག་ནི་རྒྱ་ནག་ནས་ཡིན་ཡང་། ཁོང་ཚོས་རྒྱ་གར་དང་འབྲུག་ཡུལ། དེ་བཞིན་བལ་ཡུལ་བཅས་ནས་ཡིན་ཁུལ་གྱིས། ངོ་དེབ་དང་ཨིག་སི། ཨིན་སི་ཊ་གྷ་རམ་བཅས་ཀྱི་ཐོག་ལ་བོད་ཡིག་དང་དབྱིན་ཡིག་བཅས། སྐད་ཡིག་གཉིས་ཀྱི་ཐོག་ནས་གནས་ཚུལ་སྤེལ་གྱི་ཡོད་པ་དང་། ཁོང་ཚོས་མགོ་སྐོར་གཏོང་ཐབས་སུ་འགའ་རེས་༧གོང་ས་མཆོག་ལ་རྒྱབ་སྐྱོར་བྱས་པ་དང་། འགའ་རེས་སྐྱོན་བརྗོད་བྱས་ཏེ། གནས་ཚུལ་རྣམས་རང་བཞིན་གྱིས་བྱུང་བ་ལྟར་བཟོ་བཞིན་པ་མ་ཟད། འགལ་ཟླ་ཅན་གྱི་ཆབ་སྲིད་ཀྱི་ཕྱོགས་གཉིས་ཀའི་རྒྱབ་ཏུ་ལངས་ནས་གནས་ཚུལ་སྤེལ་གྱི་ཡོད་འདུག
མེ་ཊའི་གནས་ཚུལ་ལྟར་ན། ངོ་དེབ་སོགས་ཀྱི་ཁ་བྱང་རྫུན་མ་བརྒྱུད། བོད་མི་ཚོ་ལ་དམིགས་ནས་གནས་ཚུལ་རྫུན་མ་སྤེལ་བ་ཙམ་མ་ཡིན་པར། དེ་སྔར་རྒྱ་གར་ལ་དམིགས་ནས་གནས་ཚུལ་རྫུན་མ་མང་པོ་སྤེལ་ཡོད་པར་བརྗོད་འདུག མེ་ཊ་ཚོང་ལས་ཁང་གིས་ངོ་དེབ་ཀྱི་ཁ་བྱང་རྫུན་མ་༡༨ ཙམ་མེད་པར་བཟོས་ཡོད་འདུག
ཉེ་ཆར་རྒྱ་ནག་གི་གཞུང་ཚབ་པ་ཞུའུ་ཧྥེ་ཧོང་(Xu Feihong) ་གིས་རྒྱ་ནག་དང་རྒྱ་གར་གྱི་འབྲེལ་བ་སླར་གསོའི་དུས་སྐབས་སུ་སླེབས་ཡོད་པ་དང་། གཞོན་སྐྱེས་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུར་ལེགས་སྐྱེས་འབུལ་དགོས་པའི་སྐུལ་མ་བྱས་ཡོད་ན་ཡང་། མེ་ཊའི་ཞིབ་འཇུག་གྲུབ་དོན་ལ་གཞིགས་ན། གཞུང་འབྲེལ་གྱི་གསལ་བསྒྲགས་རྒྱབ་དང་། སྤྱི་ཚོགས་བརྒྱུད་ལམ་ཐོག་ཏུ་མངོན་གསལ་མེད་པའི་དམག་འཁྲུག་ཅིག་རྒྱག་བཞིན་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།