མེ་མདའ་བརྒྱབ་ནས་མི་བཅུ་བསད་འདུག

ཟླ་འདིའི་ཚེས་༢༣ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༢༡ གི་མཚན་མོ། ལོ་ན་༧༢ ལ་སོན་མཁན་ཧུབ་ཁན་ཊི་རན་(Huu Can Tran) ཞེས་པའི་རྒས་པོ་ཞིག་གིས་ཨ་རིའི་ཁ་ལི་ཧྥོ་ནེ་ཡའི་མངའ་སྡེ་ནང་མོང་ཊེ་རེ་(Monterey Park) ཞེས་པའི་ས་གནས་སུ་མི་རྣམས་ཀྱིས་ལོ་གསར་གྱི་དགོང་ཚོགས་ལ་རོལ་བཞིན་པའི་སྐབས་སུ་མེ་མདའ་གང་བྱུང་བརྒྱབ་ནས་མི་༡༠ བསད་ཡོད་པ་དང་། མི་༡༠ ལྷག་ལ་རྨས་སྐྱོན་བཏང་ཡོད་འདུག

ཟླ་འདིའི་ཚེས་༢༢ ཉིན་ས་གནས་ཉེན་རྟོག་པ་དག་ཁོང་འཛིན་བཟུང་བྱེད་པར་ཡོང་པའི་སྐབས་སུ་ཁོང་གིས་རང་སྲོག་བཅད་ཡོད་འདུག་ལ། ད་ལྟའི་ཆར་ཁོང་གིས་མི་བསད་དགོས་པའི་ཀུན་སློང་ཅི་ཞིག་ཡིན་པ་དང་། ཁོང་གིས་མེ་མདའ་དེ་ཁྲིམས་མཐུན་གྱིས་ཉོ་ཡོད་མེད་དང་། ཁོང་ལ་སེམས་ནད་ཡོད་མེད་སོགས་ཀྱི་ཐོག་ལ་རྟོག་ཞིབ་བྱས་དང་བྱེད་མུས་ཡིན་པའི་གནས་ཚུལ་ཐོན་འདུག

ཕྱི་ལོ་༢༠༢༢ ལོར་ཨ་རིའི་ཊེ་སེ་སི(Texas) ཞེས་པའི་མངའ་སྡེའི་ནང་སྔོན་འགྲོའི་སློབ་གྲྭ་ཞིག་ཏུ་མི་ཞིག་གིས་མེ་མདའ་གང་བྱུང་བརྒྱབ་ནས་སློབ་ཕྲུག་༡༩ དང་དགེ་རྒན་༢ བསད་ཡོད་པ་དང་། དུས་དེ་ནས་བཟུང་ད་བར་མེ་མདའ་བརྒྱབ་ནས་བསྡེབས་གསོད་ཀྱི་དོན་རྐྱེན་ཆེ་ཤོས་དེ་ཆགས་ཡོད་འདུག

མོང་ཊེ་རེ་(Monterey Park) ཞེས་པའི་གྲོང་ཁྱེར་དེ་ནི་ཁ་ལི་ཧྥོ་ནེ་ཡའི་མངའ་སྡེའི་ནང་གི་གྲོང་ཁྱེར་བདེ་འཇགས་ཆེ་ཤོས་གྲས་ཤིག་ཡིན་འདུག་ལ། གྲོང་ཁྱེར་དེའི་ནང་གནས་སྡོད་བྱེད་མཁན་མི་མང་ཁྱོན་བསྡོམ་༦༠༠༠༠ ལྷག་ཡོད་པའི་ཁྲོད་ནས་མི་མང་གསུམ་ཆ་གཉིས་ནི་ཨེ་ཤི་ཡའི་མི་ཡིན་འདུག ས་གནས་དེ་ལ་མི་མང་ཆེ་བས་རྒྱ་ཡིག་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད། ཚོང་ལས་ཀྱི་མཚོན་རྟགས་མང་ཆེ་བ་ནི་རྒྱ་ཡིག་ཡིན་འདུག གྲོང་ཁྱེར་དེ་ལ་ཡོངས་གྲགས་སུ་རྒྱ་ནག་གི་གྲོང་ཁྱེར་གསར་པ་ཞེས་བརྗོད་ཀྱི་ཡོད་འདུག. ཨ་རིའི་སློབ་གྲྭ་ཁག་གི་ནང་དུ་དུས་ནས་དུས་སུ་མེ་མདའ་གང་བྱུང་བརྒྱབ་པའི་གནས་ཚུལ་ལྷག་གི་ཡོད་འདུག ཕྱི་ལོ་༢༠༢༠ ལོར་མེ་མདའི་དོན་རྐྱེན་༡༠་དང་། ཕྱི་ལོ་༢༠༢༡ ལོར་ཐེངས་༣༥་དང་། ཕྱི་ལོ་༢༠༢༢ ལོར་ཐེངས་༥༡ བཅས་ཕྱི་ལོ་༢༠༡༨ ནས་ད་བར་ཨ་རིའི་སློབ་གྲྭ་ཁག་གི་ནང་དུ་མེ་མདའ་གང་བྱུང་བརྒྱབ་པའི་དོན་རྐྱེན་ཁྱོན་བསྡོམས་༡༤༥ བྱུང་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Share this:

Leave a Reply