མོ་དྷི་ལ་དྲན་གསོ་གཏོང་ཆེད་སྤྱི་ལེ་༡༥༦༨ གྱི་གོམ་བགྲོད་ལས་འགུལ།
རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་དེ་སྔོན་ཨོ་རི་ས་མངའ་སྡེའི་ནང་གི་སྨན་ཁང་ཞིག་ཡར་རྒྱས་ཆེན་པོ་གཏོང་རྒྱུའི་ཁས་ལེན་བྱས་པ་དེ་དྲན་གསོ་གཏོང་ཆེད། མངའ་སྡེའི་ཡུལ་མི་ཞིག་གིས་གོམ་བགྲོད་ལས་འགུལ་སྤེལ་འདུག
ཟླ་འདིའི་ཕྱི་ཚེས་༡༨ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་མངའ་སྡེ་ཨོ་རི་སའི་ཡུལ་མི་ཞིག་གིས། འདི་ལོའི་ཕྱི་ཟླ་༤ པའི་ཕྱི་ཚེས་༡༦ ཉིན་མངའ་སྡེ་དེ་ནས་འགོ་འཛུགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་གོམ་བགྲོད་ལས་འགུལ་ཞིག་སྤེལ་འགོ་བཙུགས་ནས། ད་ལྟ་རྒྱ་གར་ཨུ་ཏར་མངའ་སྡེའི་གྲོང་ཁྱེར་ཨ་གྷ་ར་ལ་འབྱོར་ཡོད་འདུག་པ་དང་། ལས་འགུལ་ཀྱི་དམིགས་ཡུལ་ནི་དེ་སྔོན་ཕྱི་ལོ་༢༠༡༥ ལོར་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་ཨོ་རི་ས་མངའ་སྡེའི་ནང་གི་སྨན་ཁང་ཞིག་ད་ལྟ་ལྡི་ལིར་ཡོད་པའི་(All India Institute of Medical Sciences) ཞེས་པའི་སྨན་ཁང་དང་མཉམ་པར་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པ་དེ་དྲན་གསོ་གཏོང་ཆེད་དུ་ཡིན་སྐོར་བརྗོད་འདུག
དེ་ཡང་གོམ་བགྲོད་ལས་འགུལ་བ་བྷི་སི་ཝལ་(Biswal)གྱིས་ལས་འགུལ་འགོ་བཙུགས་ནས་བཟུང་ད་བར་སྤྱི་ལེ་ལ་༡༣༥༠ གོམ་བགྲོད་བྱས་ཡོད་འདུག་པ་དང་། ཡང་བསྐྱར་སྤྱི་ལེ་༢༡༨ ཙམ་གོམ་བགྲོད་བྱས་མཐར་རྒྱལ་ས་ལྡི་ལིར་འབྱོར་གྱི་ཡོད་འདུག་ཀྱང་། ད་ལྟ་ཁོང་སྨན་ཁང་དུ་བསྙལ་ཡོད་འདུག་པ་དང་། གོམ་བགྲོད་ལས་འགུལ་སྐབས་རྒྱ་གར་གྱི་རྒྱལ་དར་ཞིག་ལག་ཏུ་བཟུང་ནས་སླེབས་ཡོད་འདུག
གོམ་བགྲོད་ལས་འགུལ་བས་བྷི་བྷི་སིའི་གསར་འགོད་པར། རྒྱ་གར་གྱི་སྲིད་བློན་མོ་དྷི་དང་དངོས་སུ་ཐུག་འདོད་ཡོད་སྐོར་དང་། མོ་དྷི་ཁོ་རང་གི་དམ་བཅའ་བཞིན་ཨོ་རི་ས་མངའ་སྡེའི་ནང་ཡོད་པའི་སྨན་ཁང་(Ispat General Hospital) ཞེས་པ་དེ་ཡར་རྒྱས་གཏོང་རྒྱུའི་རེ་སྐུལ་ཞུ་འདོད་ཡོད་སྐོར་བཅས་བརྗོད་ཡོད་འདུག་པ་མ་ཟད། གལ་སྲིད་སྲིད་བློན་མོ་དྷི་དང་ཐུག་འཕྲད་བྱེད་མ་ཐུབ་ཚེ་ཟས་བཅད་ངོ་རྒོལ་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
གནད་དོན་འདིའི་ཐོག་རྒྱ་གར་གྱི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ར་ཧུལ་གྷན་དྷིས་སྤྱི་ཚོགས་དྲ་རྒྱ་ཊུ་ཊེར་ཐོག འདི་ནས་བརྩིས་པའི་ལོ་ངོ་གསུམ་གྱི་གོང་དུ་སྲིད་བློན་མོ་དྷི་ཡིས་ཨོ་རི་སར་དམིགས་བསལ་སྨན་ཁང་ཞིག་རྒྱག་རྒྱུའི་ཁས་ལེན་བྱས་ཀྱང་། དེ་དོན་དངོས་སུ་ལག་བསྟར་མ་བྱས་སྟབས་ད་ཆ་བྷི་སི་ཝལ་གྱིས་དེའི་དོན་དུ་གོམ་བགྲོད་བྱེད་ཀྱི་ཡོད་པ་དང་། མི་མང་རྣམས་འཆི་བཞིན་ཡོད་སྐོར་སོགས་བརྗོད་ནས་སྐྱོན་བརྗོད་བྱས་འདུག་པ་མ་ཟད། རྒྱ་གར་མི་མང་དང་ཀོང་གྷི་རེ་སི་ཆབ་སྲིད་ཚོགས་པ་གཉིས་བྷི་སི་ཝལ་གྱི་རྒྱབ་ཏུ་ཡོད་སྐོར་ཡང་བརྗོད་འདུག
འོན་ཀྱང་། ད་བར་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་གོམ་བགྲོད་ལས་འགུལ་གྱི་སྐོར་ལ་གང་ཡང་གསུངས་མེད་འདུག་པ་དང་། ལས་འགུལ་བ་དེ་བདུན་ཕྲག་འདིའི་མཇུག་ཏུ་ལྡི་ལིར་འབྱོར་རྒྱུའི་ཚོད་དཔག་བྱེད་བཞིན་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།