མོན་གྱི་རྟ་དབང་གི་མི་མང་ཚོས་༧གོང་ས་མཆོག་གི་རང་དབང་གི་ལམ་བུ་ཞེས་པའི་གོམ་བགྲོད་འགོ་བཙུགས།

རྟ་དབང་རྫོང་གི་གོ་སྒྲིག་འོག མོན་གྱི་དད་ལྡན་པ་སུམ་བརྒྱ་ལྷག་མཉམ་ཞུགས་ཀྱིས་༧གོང་ས་མཆོག་གི་རང་དབང་གི་ལམ་བུ་ཞེས་པའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་འདུག

པར། Assam Tribune

ཕྱི་ཟླ་༣ ཚེས་༣༡ ཉིན་ནི། ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གིས་བོད་ཡོངས་ལ་བཙན་འཛུལ་བྱས་ཏེ་༧གོང་ས་མཆོག་གཙོས་༧སྐུ་འཁོར་ལྷན་རྒྱས་ནོར་གླིང་ནས་བྲོས་བྱོལ་ལ་ཆིབས་ཐོན་གྱིས་འཕགས་བོད་ས་མཚམས་སྐས་འཛེགས་མ་ཎི་བརྒྱུད་མོན་ཡུལ་དུ་ཐོག་མར་ཞབས་སོར་འཁོད་པའི་ཉིན་མོ་དེ་འཁེལ་གྱི་ཡོད་པ་དང་བསྟུན། རྟ་དབང་རྫོང་གི་གོ་སྒྲིག་འོག སྐས་འཛེགས་མ་ཎི་ནས་མོན་རྟ་དབང་བར་ཉིན་གྲངས་དྲུག་གི་རིང་། ཏྰ་ལའི་བླ་མའི་རང་དབང་གི་ལམ་བུ་(Freedom Trail of Dalai Lama) ཞེས་པའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འགོ་བཙུགས་ཡོད་འདུག

ལས་འགུལ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག ཨ་རུ་ནྰ་ཅལ་ཆོས་རིག་བློན་ཆེན་འཇམ་དཔལ་དབང་འདུས་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་ཚེ་རིང་ལྷ་མོ། གཙོས་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་གྲོང་སྡེའི་འགོ་ཁྲིད་དང་ས་མཚམས་སྲུང་སྐྱོབ་བྱེད་མཁན་དམག་མི། དགེ་འདུན་པ་དང་དེ་བཞིན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་སོགས་ཁྱོན་མི་གྲངས་༣༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག

སྐབས་དེར་མཛད་སྒོའི་ཐོག་མངའ་སྡེའི་གྲོས་ཚོགས་འཐུས་མི་ཚེ་རིང་ལྷ་མོས། ང་ཚོས་ཉིན་དྲུག་རིང་གི་གོམ་བགྲོད་འདི་འགོ་འཛུགས་སྐབས། ང་ཚོས་༸གོང་ས་མཆོག་གི་ཤེས་རབ་ལས་སྟོབས་ཤུགས་བླངས་ཏེ་ཞི་བདེའི་མ་འོངས་པར་རེ་བ་བྱེད་བཞིན་ཡོད། བོད་དང་ང་ཚོའི་འབྲེལ་བ་ནི་དུས་རབས་མང་པོའི་རིང་གནས་ཡོད་པ་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བ་ནི་ཐུན་མོང་གི་ལོ་རྒྱུས་དང་། རིག་གཞུང་། ཕན་ཚུན་གུས་བཀུར་བཅས་ཀྱི་ནང་དུ་གཏིང་ཟབ་མོར་བཙུགས་ཡོད། ང་ཚོའི་མི་མང་དབར་གྱི་འབྲེལ་བ་ནི་ས་མཚམས་ལས་བརྒལ་བ་ཞིག་ཡིན། ང་ཚོར་ད་དུང་ཡང་༸གོང་ས་མཆོག་གི་བཀའ་སློབ་དང་། ཁོང་གི་སྙིང་རྗེ་དང་འཚེ་བ་མེད་པ། འགྲོ་བ་མིའི་རིན་ཐང་གོང་སྤེལ་བཅས་ལ་འགྱུར་མེད་ཀྱི་དམ་བཅའ་དེས་སེམས་འགུལ་ཐེབས་བཞིན་ཡོད་ཅེས་གསུངས་འདུག

གོམ་བགྲོད་པ་རྣམས་ཁ་སང་ཆུ་དྭངས་མོར་འབྱོར་ཡོད་འདུག་པ་དང་། དེ་རིང་ས་ཁུལ་དེ་ནས་སྤྱི་ལེ་༡༠ ཙམ་བགྲོད་དེ་སྒོར་ཟམ་མཆོད་རྟེན་ལ་འབྱོར་རྒྱུ་ཡིན་འདུག ཉིན་གྲངས་དྲུག་རིང་གི་གོམ་བགྲོད་ཀྱི་ལས་འགུལ་དེ་ནི་ཟླ་འདིའི་ཚེས་༥ ཉིན། ༧གོང་ས་མཆོག་རྟ་དབང་དུ་ཕེབས་འབྱོར་བྱུང་ནས་ལོ་ངོ་༦༦ འཁོར་བའི་དུས་དྲན་སྲུང་བརྩི་དང་སྦྲགས་རྟ་དབང་དགོན་པར་མཇུག་སྒྲིལ་རྒྱུ་ཡིན་འདུག

དུས་རབས་བཅུ་བདུན་པའི་ནང་༧རྒྱལ་དབང་སྐུ་ཕྲེང་ལྔ་པའི་ལམ་སྟོན་འོག མེ་རག་བླ་མས་རྟ་དབང་དགོན་པ་ཕྱག་བཏབ་ཡོད་པ་དང་། རྗེས་སུ་༧རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མོན་ཡུལ་དུ་སྐུ་འཁྲུངས་པ་སོགས། བོད་དང་མོན་བར་ལོ་རྒྱུས་ཐོག་འབྲེལ་བ་ཟབ་མོ་ཡོད་འདུག

ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གིས་བོད་ཡོངས་བཙན་འཕྲོག་བྱས་རྗེས། ༧གོང་ས་མཆོག་རྒྱ་གར་དུ་བྲོས་བྱོལ་ལ་ཆིབས་སྒྱུར་མཛད་སྐབས། ཨ་རུ་ནཱཅལ་མངའ་སྡེའི་སྐས་འཛེགས་མ་ཎི་བརྒྱུད། ཆུ་དྭངས་མོ་དང་སྒོར་ཟམ་མཆོད་རྟེན། ཤག་ཏི། རླུང་ལ། མཐོང་ལེགས། རྟ་དབང་དགོན་པ། ལྗང་། སེང་གེ་རྫོང་། འབུམ་སྡེ་ལ་སོགས་སུ་ཉིན་ཞག་རེ་བཞུགས་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།