མོན་གྷོ་ཌི་བོད་མིའི་གཞིས་སྒར་གྱི་བརྒྱ་དཔོན་ཞིག་རང་ཤི།
ཟླ་འདིའི་ཚེས་༡༣ དགོང་མོའི་ཆུ་ཚོད་༡༠ ཙམ་ལ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌི་གཞིས་ཆགས་ཀྱི་གྲོང་སྡེ་༡ པོའི་བརྒྱ་དཔོན་རང་ཤི་བརྒྱབ་ཡོད་པའི་གནས་ཚུལ་བྱུང་ཡོད་ནའང་། ད་ལྟའི་ཆར་དོན་རྐྱེན་གང་ཡིན་གསལ་པོ་མེད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ཉེན་རྟོག་པས་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་། ཁོང་གིས་ཤུལ་དུ་ཡི་གེ་ཞིག་བཞག་ཡོད་འདུག་ཀྱང་། ཡི་གེའི་ནང་གནས་ཚུལ་གང་ཡིན་ད་དུང་ཤེས་རྟོགས་ཐུབ་མ་སོང་། སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་ཀྱི་དཀའ་ངལ་ཞིག་དང་འབྲེལ་བ་ཡོད་སྐོར་གླེང་འདུག་ལ། ༢༠༡༥ ལོའི་ཕྱི་ཟླ་༡༠ ཚེས་༡༨ ཉིན་བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས། བརྒྱ་དཔོན་དེ་ས་གནས་འོས་བསྡུའི་ཚོགས་མིའི་ནང་ཡོད་པ་དང་། འོས་འཕེན་པ་གྲྭ་པ་ཞིག་དང་ཁོང་གཉིས་བར་རྩོད་གླེང་བྱུང་ཡོད་ནའང་། རྗེས་སུ་གནས་ཚུལ་དེ་ཐག་གཅོད་བྱས་ ཡོད་པ་རེད།
ཟླ་འདིའི་ཚེས་༡༥ ཉིན་མོན་གྷོ་ས་གནས་འགོ་འཛིན་ལས་ཁང་ལ་ཁ་པར་བཏང་སྟེ་འབྲེལ་བ་བྱས་ཀྱང་། སྐབས་དེར་ས་གནས་འགོ་འཛིན་བཞུགས་མེད་པས། གནས་ཚུལ་རྩད་ཞིབ་ཐུབ་མ་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
འོས་བསྡུའི་སྐབས་ཀྱི་གནས་ཚུལ། སྲིད་སྐྱོང་འོས་བསྡུའི་འགེང་ཤོག་འཕྲོག་མཁན་ལ་འོས་བླུགས་མི་ཆོག་པའི་ཉེས་པ་བཏང་ཡོད་འདུག