མོན་གྷོ་ཌི་རུ་ཞབས་རིམ་གསོག་སྒྲུབ།

ཟླ་འདིའི་ཚེས་༢༧ ནས་ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པ་དང་དབུ་མའི་ལམ་ལས་འགུལ་ཁང་། བུད་མེད་ལྷན་ཚོགས་བཅས་ཐུན་མོང་གི་གོ་སྒྲིག་འོག མོན་གྷོ་ས་གནས་གཞིས་སྤྱིའི་ཚོགས་ཁང་ནང་མི་མང་བསྡུ་བསྐོང་གི་༧གོང་ས་མཆོག་གི་སྐུའི་ཞབས་རིམ་ཚེ་ལྷ་རྣམ་གསུམ་གྱི་གཟུང་སྔགས་གསོག་སྒྲུབ་བྱས་ཡོད་པ་རེད།

ཁོང་ཚོའི་སྐུའི་ཞབས་རིམ་གསོག་སྒྲུབ་བྱེད་ཕྱོགས་དང་འབྲེལ་མོན་གྷོ་ས་གནས་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཁྱུང་ལུང་བཀྲ་ཤིས་འགྲེལ་བརྗོད་བྱས་པ་ལྟར་ན། མི་རིང་བར་ཕྱི་ཟླ་བདུན་པའི་ནང་གོང་གསལ་ཚོགས་པ་ཁག་གིས་གཙོས་ཚོགས་པ་སྐྱིད་སྡུག་ཁག་ཅིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་འཆར་ཡོད་པས། བརྟན་བཞུགས་མ་ཕུལ་སྔོན་ལ་འདི་ལྟར་སྐུའི་ཞབས་རིམ་གསོག་སྒྲུབ་བྱེད་ཕྱོགས་སྐོར་དགའ་ལྡན་ཕོ་བྲང་ནས་བཀའ་ཡིག་འབྱོར་གསལ་ལྟར་ཉིན་གཉིས་རིང་ཚེ་ལྷ་རྣམ་གསུམ་གྱི་གཟུང་སྔགས་གསོག་སྒྲུབ་བྱེད་བཞིན་ཡོད་པ་རེད། དེ་བཞིན་ས་གནས་འདི་གཅིག་པུ་ཙམ་མིན་པར་གོང་གསལ་ཚོགས་པ་ཁག་དང་འབྲེལ་ཡོད་ས་གནས་མང་པོ་ཞིག་ན་དེ་རིང་ཉིན་བརྒྱ་དུས་གཅིག་ལ་༧གོང་ས་མཆོག་གི་སྐུའི་ཞབས་རིམ་བསྒྲུབ་ཀྱི་ཡོད་པ་རེད།

ཞབས་རིམ་གསོག་སྒྲུབ་བྱེད་སར་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུའི་མི་མང་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་རྣམས་ བཅས་མི་གྲངས་སུམ་བརྒྱ་མ་ཟིན་ཙམ་ཡོད་པ་རེད།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།