མོན་པ་ཚོས་དད་འདུན་ཧ་ཅང་ཆེན་པོ་བྱས་ཏེ་སེམས་འགུལ་ཐེབས་པ་བྱུང་།



ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོས་༧གོང་ས་མཆོག་ལ་སྐུ་འབུལ་བཞིན་པ། བློན་ཆེན་ངོ་དེབ་ཀྱི་པར།

ཟླ་འདིའི་ཚེས་༧ ཉིན་མོན་ཡུལ་དད་ལྡན་མི་མང་ཡོངས་ཀྱིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་༧གོང་ས་ལྔ་པ་ཆེན་པོའི་དག་སྣང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་རྗེས། ༧མགོན་པོ་གང་ཉིད་བོད་ལུགས་དགུང་གྲངས་༩༠ ལ་ཕེབས་པའི་གོ་སྟོན་གྱི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཚོགས་སོང་།

སྐབས་དེར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་དང་། རྒྱ་གར་དབུས་གཞུང་གྲོས་ཚོགས་འཐུས་མི་ཏ་པིར་གྷའོ། ཨ་རུ་ན་ཅལ་མངའ་སྡེའི་ཤེས་རིག་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པ་སངས་རྡོ་རྗེ་(Pasang Dorjee Sona) ། དེ་བཞིན་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཛིང་ནུ་ནམ་ཆོམ་(Zingnu Namchoom) ་གཙོས་པའི་མོན་ཡུལ་གྱི་མི་མང་ཆིག་སྟོང་ལྔ་བརྒྱ་ཙམ་ཆེད་ཕེབས་གནང་འདུག

ཐེངས་འདིའི་བརྟན་བཞུགས་སྐབས་སུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། ང་ཚོ་བོད་ནས་ཁ་བྲལ་ཏེ་བཙན་བྱོལ་བ་ཆགས་པ་དང་། རྒྱ་གར་གྱི་ས་ཁུལ་འདིར་འགྲོ་དོན་རྒྱ་ཆེ་ཐག་ཆོད་བྱས་ནས་བསྡད་པ་རེད། དེ་རིང་སྐབས་སུ་བབ་པ་མོན་པ་ལྷ་སྡེ་མི་སྡེ་ཡོངས་ཆེད་དུ་བརྟན་བཞུགས་འབུལ་བར་བཅར་བ་རེད། ངོས་རང་དེ་སྔ་བོད་ནས་ཚུར་སླེབས་ཏེ་མོན་གྱི་ས་ཟིན་མཚམས་མོན་པ་ཚོས་ཧ་ཅང་དད་པ་ཆེན་པོ་བྱས་ཏེ་ངོས་ཀྱི་ལྷམ་ལ་མགོ་གཏུག་གི་འདུག སྙིང་རྗེ། ཞེས་གསུངས་པ་དང་མོན་གྱི་ཞྭ་མོ་ཡོད་མེད་བཀའ་འདྲི་གནང་ནས། མོན་གྱི་དམིགས་བསལ་ཞྭ་མོ་ནག་པོ་ཞིག་མནབས་སོང་།

དེ་བཞིན་ངོས་རང་བཙན་བྱོལ་དུ་དང་པོ་མོན་ལ་འབྱོར་སྐབས། མོན་པ་ཚོས་དད་འདུན་ཧ་ཅང་ཆེན་པོ་བྱས་ཏེ་སེམས་འགུལ་ཐེབས་པ་བྱུང་། དེ་རིང་མོན་པ་ཚོས་བརྟན་བཞུགས་ཕུལ་བ་རེད། ཁྱོད་ཚོ་གཞིས་བྱེས་མི་མང་ཚང་མ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས་འཕྲལ་དང་ཡུན་གྱི་འདོད་དོན་ཐམས་ཅད་བདེ་ལེགས་ཏུ་འགྲུབ་པའི་སྐྱབས་འཇུག་ཞུ་གི་ཡོད་ཅེས་བཀའ་བསྩལ་སོང་།

བོད་ཀྱི་བང་ཆེན་གསར་ཁང་གི་པར།

བརྟན་བཞུགས་གྲུབ་རྗེས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས་ཀྱིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་ཕྱི་ལོ་༡༩༥༩ ལོར་རྒྱ་གར་དུ་ཞབས་སོར་བདེ་བར་འཁོད་ནས། མོན་སྦས་ཡུལ་སྐྱིད་མོ་ལྗོངས་ཀྱི་སེར་སྐྱ་མི་མང་ཡོངས་ལ་དམ་ཆོས་ཀྱི་བདུད་བརྩི་ཐོག་མར་བསྩལ་གནང་མཛད་ནས་ལོ་ངོ་༦༥ འཁོར་བ་དང་། ༧རྒྱལ་མཆོག་སྐུ་ཕྲེང་དྲུག་པ་མཆོག་མོན་ཡུལ་དུ་སྐུ་འཁྲུངས་ནས་ལོ་ངོ་༣༤༡ འཁོར་བའི་དུས་ཚིགས། ལྷག་པར་དུ་༧ གོང་ས་མཆོག་བོད་ལུགས་དགུང་གྲངས་༩༠ ལ་ཕེབས་པའི་སྐུའི་གོ་སྟོན་གྱི་དགའ་སྟོན་རྟེན་འབྲེལ་མཛད་སྒོ་ཞིག ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་དང་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ། དམིགས་བསལ་སྐུ་མགྲོན་དུ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ཏ་པིར་གྷའོ། ཨ་རུ་ན་ཅལ་མངའ་སྡེའི་ཤེས་རིག་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པ་སངས་རྡོ་རྗེ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་བཅས་མཉམ་ཞུགས་ཀྱིས་སྲུང་བརྩི་ཞུས་སོང་།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་༸གོང་ས་མཆོག་གི་རྗེས་འཇུག་པ་ཡོངས་ནས་དུས་རྒྱུན་དུ་༸གོང་ས་མཆོག་ནས་བཀའ་གང་གནང་བཞིན་ཡོད་པར་ཐུགས་སྣང་གནང་སྟེ་ཉམས་ལེན་བྱེད་དགོས་པ་གལ་ཆེན་པོ་རེད། དེ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་རེད་མ་གཏོགས། ༧གོང་ས་མཆོག་ལ་སྐྱབས་སུ་མཆི་ཟེར་ནས་ལས་ཀ་གོ་ལོག་བྱས་བསྡད་ཚེ་ཏག་ཏག་བསྡད་ཀྱི་མེད་པ་རེད། དེ་དོན་དག་གཙོ་བོ་ཆགས་ཡོད་སོགས་གསུངས་སོང་།

དེ་བཞིན་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་རྩ་བའི་མོན་དང་། བོད་དབར་གྱི་འབྲེལ་ལམ་དམ་ཟབ་ཡོད་པ་གང་ཞིག་ང་ཚོའི་དབར་ཆོས་དང་རིག་གཞུང་གཅིག་གྱུར་གྱི་འབྲེལ་བ་ཆགས་ཡོད་པ། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་། མོན་ཡུལ་དབར་དམ་ཚིག་གཙང་མ་ཡོད་པ་དང་། དེ་རིང་གི་དུས་ཚོད་འདྲ་ཡིན་ན་དམ་ཚིག་སྨིན་བཞག་པ་འདྲ་བོ། ཚང་མས་དང་བ་ཆེན་པོས་ཡིད་སྨོན་ཞུ་དགོས་པ་ཞིག་བྱུང་སོང་ཞེས་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ལྟ་བུར་མཚོན་པ་ཡིན་ན། ང་རང་ཚོའི་ཆོས་དང་། རིག་གཞུང་ཐོག་ལ་ཧ་ཅང་གིས་རྒྱབ་སྐྱོར་གནང་བ་ཙམ་མ་ཡིན་པར། བོད་ཀྱི་རྩ་དོན་འཐབ་རྩོད་ཐོག་ལའང་ཧ་ལས་པའི་རྒྱབ་སྐྱོར་དང་། བོད་དོན་ཐོག་ལ་ཡིད་ཆེས་བྱེད་ཆོག་པའི་གནད་ཡོད་མི་སྣ་ཞིག་ཆགས་བསྡད་ཡོད་པ་སོགས་ཀྱི་གསུང་བཤད་གནང་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།