ཚིག་མཛོད་དེ་རྒྱལ་སྤྱི་དང་བོད་ཀྱི་སྐད་ཡིག་གི་འགྲོ་སྟངས་དང་མཐུན་པ་ཞིག་སྒྲིག་འཆར་ཡོད།

ཟླ་འདིའི་ཚེས་༣༡ ཉིན་ནས་ཉིན་གཉིས་རིང་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་རིས་མེད་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་བཞི་པ་དེ་འཚོག་བཞིན་ཡོད་པ་རེད།

mou2016_3_31ཚོགས་འདུའི་ཐོག་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་གྱིས་ངོ་སྤྲོད་གསུང་བཤད་གནང་བ་ལྟར་ན། ཚིག་མཛོད་དེའི་ནང་གཙོ་བོ་༡༩༥༩ ལོའི་སྔོན་ནས་ཡོད་པའི་ཐ་སྙད་ཁག་སྒྲིག་གི་ཡོད་པ་དང་། དེ་ཡང་ཐ་སྙད་ཀྱི་འགྲེལ་བཤད་ཁག་ཆོས་བརྒྱུད་སོ་སོའི་ངོས་ནས་འགྲེལ་བརྗོད་གནང་སྟངས་མ་འདྲ་བ་ཡོད་པ་ཁག་སོ་སོར་འཁོད་ཡོད་དང་། དེ་བཞིན་ལུང་ཚན་གྱི་ཁ་སྐད་ཁག་ཡིག་ཐོག་ཏུ་ཕབ་ཐབས་བྱེད་ཀྱི་ཡོད་པ་རེད། དེང་སྐབས་འཕྲུལ་ཆས་བེད་སྤྱོད་ཤུགས་ཆེན་འགྲོ་བཞིན་ཡོད་པས། རྒྱལ་སྤྱིའི་ཚིག་མཛོད་གྲགས་ཅན་ཁག་དང་བཅིག་མཚུངས་ཀྱིས་ཚིག་མཛོད་དེ་ཐད་ཀར་གློག་ཀླད་རྩིས་འཕྲུལ་ནང་སྔོག་བཤེར་བྱེད་ཐུབ་པ་དང་། དེ་བཞིན་བོད་ཡིག་གི་དག་ཆ་ཡང་གློག་ཀླད་རྩིས་འཕྲུལ་ནང་ནས་བཟོ་བཅོས་རྒྱག་ཐུབ་པ་བཟོ་བཞིན་ཡོད་པ་རེད། ཚིག་མཛོད་དེ་རྒྱལ་སྤྱིའི་འགྲོ་སྟངས་དང་མཐུན་པ་དང་བོད་ཀྱི་སྐད་ཡིག་གི་ཆོས་ཉིད་དང་མཐུན་པ་ཞིག་སྒྲིག་འཆར་ཡོད་སྐོར་འགན་འཛིན་བློ་བཟང་སྨོན་ལམ་གྱིས་འགྲེལ་བརྗོད་གནང་སོང་།

ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ཕེབས་ཡོད་པ་དང་། ཁོང་གིས་སྔོན་མ་རྒྱ་གར་གྱི་གཙུག་ལག་སློབ་གྲྭའི་ནང་བོད་ཀྱི་རིག་གཞུང་གི་དགེ་རྒན་བྱེད་སྐབས། བོད་ལ་ཚིག་མཛོད་གཅིག་གྱུར་ཞིག་མེད་པས་དཀའ་ངལ་འཕྲད་པའི་མྱོང་ཚོར་སྐོར་དང་། མ་འོངས་པར་དེང་དུས་དང་མཐུན་པའི་ཚིག་མཛོད་དེ་འདྲ་ཞིག་དགོས་པ་གལ་ཆེན་ཡིན་སྐོར། དེ་བཞིན་གཙོ་བོ་གཅིག་དེ་ཆོས་བརྒྱུད་ཁག་ཚང་མ་བསྟན་པ་གཅིག་གི་རྗེས་འཇུག་ཡིན་པ་དང་། བོད་གངས་ཅན་པ་གཅིག་པ་ཡིན་པའི་འདུ་ཤེས་དགོས་པ་དེ་གལ་ཆེན་ཡིན་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས་བོད་ལ་སྔོན་མ་གསར་བཏོད་མཁན་མང་པོ་བྱུང་ཡང་། རྙིང་པ་དེ་རང་དགོས་པའི་འདུ་ཤེས་འོག་བོད་ཡར་རྒྱས་མ་སོང་ནས། ད་ལྟའི་སྐྱབས་བཅོལ་བའི་གནས་སྟངས་འདི་བྱུང་སྐོར་དང་། ད་ལྟའི་ཆར་ཆོས་དོན་ལས་ཁུངས་ཀྱི་ངོས་ནས་ཆོས་བརྒྱུད་ཁག་གི་མཁས་པའི་བར་གསར་བཏོད་རིམ་པའི་ཐོག་ནས་བགྲོ་གླེང་འཚོགས་ཏེ། ཕན་ཚུན་རྒྱུས་ལོན་ཡོང་ཐབས་བྱེད་བཞིན་ཡོད་སྐོར་དང་། ༧གོང་ས་མཆོག་གི་དགོངས་གཞི་བཞིན་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཆགས་ཐབས་དགོས་སྐོར། བོད་དབྱིན་ཤན་སྦྱར་གྱི་ཚིག་མཛོད་ཁག་ཅིག་གི་བྱུང་རིམ་དང་། སྔོན་མ་རྒྱལ་སྤྱིའི་ཨོ་སི་ཧྤོར་ཊི་ཚིག་མཛོད་སྒྲིག་སྐབས། མིང་ཚིག་ཁག་བང་རིམ་བསྒྲིགས་ཏེ། ཉིན་ལྟར་གཙུག་ལག་སློབ་གྲྭའི་རྒྱལ་སྒོའི་ཐོག་སྦྱར་ནས། དེ་ལ་འགྲེལ་བཤད་རྒྱག་སྟངས་དང་གོ་བ་ལེན་ཕྱོགས་སྐོར་ལ་བསམ་ཚུལ་བསྡུ་ལེན་བྱས་ཏེ། བསྒྲིགས་པ་ཞིག་ཡིན་སྐོར། མ་འོངས་པར་སྨོན་ལམ་ཚིག་མཛོད་དེ་ཡང་ཚགས་ཚུད་པོ་ཞིག་ཡོང་ཐུབ་པའི་རེ་བ་ཡོད་སྐོར་ངོ་སྤྲོད་གནང་སོང་།

ཚིག་མཛོད་དེ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གཙོ་འགན་ཁུར་ཏེ། ཆོས་ལུགས་དང་འབྲེལ་བའི་ཐ་སྙད་ཚིག་མཛོད་དེ་ལོ་དགུའི་རིང་གི་འཆར་གཞི་ཡིན་པ་དང་། ཆོས་བརྒྱུད་སོ་སོའི་ཁོངས་ནས་རྩོམ་སྒྲིག་མི་སྣ་ཆེད་འཛུགས་བྱས་ཏེ། ལོ་གསུམ་རིང་ལས་ཀ་བྱས་པའི་གྲུབ་དོན་ཐ་སྙད་འབུམ་གཅིག་ལྷག་ཡོད་པ་ཞིག་དྲ་ཐོག་ཏུ་བཀྲམ་ནས། བསམ་ཚུལ་བསྡུ་ལེན་དང་ལེགས་སྤེལ་ཉེས་འགོག་བྱས་ཏེ། བསྐྱར་བཅོས་བྱེད་བཞིན་སྒྲིག་གི་ཡོད་པ་རེད། དེའི་ནང་གི་ཐ་སྙད་ཁག་རིམ་པས་རྒྱ་ཡིག་ཏུ་བསྒྱུར་འཆར་ཡོད་པ་དང་། ཉིན་གཉིས་ཀྱི་ཚོགས་འདུའི་རིང་རྩོམ་སྒྲིག་པ་རྣམས་ལ་ཚིག་མཛོད་ཀྱི་མཉེན་ཆས་ངོ་སྤྲོད་དང་འབྲེལ་ནས་བཀོལ་སྤྱོད་བྱེད་སྟངས་སྐོར་ལ་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།