ཚིག་མཛོད་ནང་གི་བུད་མེད་ཀྱི་འགྲེལ་བཤད་ལ་སྒྱུར་བཅོས་གཏོང་བའི་དགོས་འདུན་བཏོན་འདུག
འཛམ་གླིང་སྟེང་བཀོལ་སྤྱོད་དང་ཁྱབ་རྒྱ་ཆེ་ཤོས་ཀྱི་དབྱིན་ཇིའི་ཚིག་མཛོད་དེ། ཨོ་ཁི་སི་ཧྥོར་ཌི་ཚིག་མཛོད་(Oxford dictionaries)རྣམས་ཀྱི་ཕོ་མོ་དབྱེ་འབྱེད་ཀྱི་འགྲེལ་བཤད་དང་། བུད་མེད་ལ་དམའ་འབེབས་དང་མཐོང་ཆུང་བྱེད་པའི་ཚིག་རྣམས་སྒྱུར་བཅོས་གཏོང་བའི་དགོས་འདུན་བཏོན་འདུག
དེ་ཡང་ཕྱི་ཟླ་ ༣ ཚེས་ ༣ ཉིན་དབྱིན་ཇིའི་གསར་ཁང་ The Guardian ནས་གནས་ཚུལ་སྤེལ་གསལ་དུ། དབྱིན་ཡུལ་དུ་བུད་མེད་ཀྱི་ཐོབ་ཐང་དང་རང་དབང་བརྩོན་ལེན་བྱེད་མཁན་ཁ་ཅིག་གིས་ཨོ་ཁི་སི་ཧྥོར་ཌོ་སློབ་ཆེན་པར་སྐྲུན་ཁང་(Oxfort University Press)ལ་ཡི་གེ་ཞིག་བཏང་སྟེ། པར་སྐྲུན་ཁང་དེས་པར་སྐྲུན་འགྲེམ་སྤེལ་བྱས་པའི་ཚིག་མཛོད་དུ་བཀོད་པའི་ཕོ་མོ་དབྱེ་འབྱེད་དང་། བུད་མེད་ཀྱི་འགྲེལ་བཤད་རྣམས་སྒྱུར་བཅོས་གཏོང་བའི་དགོས་འདུན་བཏོན་འདུག
བུད་མེད་ཀྱི་རང་དབང་འཐབ་རྩོད་པ་ཚོས་བཏང་བའི་ཡི་གེ་དེའི་ནང་། ཐོག་མར་ཨོ་ཁི་སི་ཧྥོར་ཌི་ཚིག་མཛོད་ཀྱི་འགྲེལ་བཤད་འགའ་ཤས་ནང་“ཁྱི་མོ་”དང་། “གཡོག་མོ”ལྟ་བུའི་ཚིག་རྣམས་བུད་མེད་ཀྱི་གོ་དོན་དུ་འཇུག་ཚུལ་བཀོད་པ་མ་ཟད། “ཨ་ཙི། བུད་མེད། ཁྱོད་ཀྱིས་ཉོན་དང”ཞེས་པ་ལྟ་བུའི་བུད་མེད་ལ་མཐོང་ཆུང་གི་རང་བཞིན་ལྡན་པའི་དཔེར་བརྗོད་ཀྱང་བཞག་ཡོད་པ་བཏོན་རྗེས། “ཁྱི་མོ་ནི་བུད་མེད་ཀྱི་མིང་གི་རྣམ་གྲངས་མ་ཡིན”པ་དང་། “བུད་མེད་ཅིག་ལ་ཁྱི་མོ་ཞེས་འབོད་པ་དེ་འགྲོ་བ་མིའི་བཟང་སྤྱོད་དང་འགལ་བ།” “དེ་ནི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཕོ་མོ་དབྱེ་འབྱེད་ཀྱི་དཔེ་མཚོན་ཡིད་སྐྱོ་བ་ཞིག་ཡིན”སྐོར་བརྗོད་དེ། ཚིག་མཛོད་དེ་དག་པར་དུ་སྐྲུན་མཁན་གྱི་ཨོ་ཁི་སི་ཧྥོ་ཌི་སློབ་ཆེན་པར་སྐྲུན་ཁང་ལ་ཚོར་སྣང་སྐྱེན་པའི་མིག་ཚིག་རྣམས་ཀྱི་འགྲེལ་བཤད་ཁ་གསལ་འབྲི་དགོས་པའི་དགོས་འདོན་བཏོན་འདུག
ད་ཐེངས་ཀྱི་ཡི་གེ་དེ་ནི་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྟེ། ཕྱི་ཟླ་ ༣ ཚེས་ ༨ ཉིན་གྱི་གོང་དུ་བཏང་བ་ཞིག་ཡིན་འདུག་པ་དང། དེ་ནི་མཱ་རི་ཡ་(Maria Beatrice Giovanardi)ཡིས་ལོ་སྔོན་མར་འགོ་བཙུགས་པའི་“ཚིག་མཛོད་ནང་གི་བུད་མེད་ཀྱི་འགྲེལ་བཤད་ལ་སྒྱུར་བཅོས་གཏོང་དགོས”ཞེས་པའི་ལས་འགུལ་དེའི་ཆ་ཤས་གསར་ཤོས་དེ་ཡིན་འདུག་ཅིང་། ལས་འགུལ་དེར་མོས་མཐུན་རྒྱབ་སྐྱོར་གྱི་མཚན་རྟགས་འགོད་མཁན་ད་བར་མི་མང་ ༣༠,༠༠༠ ལྷག་བྱུང་འདུག
ལས་འགུལ་འདིའི་ལན་དུ། ཨོ་ཁི་སི་སློབ་ཆེན་པར་སྐྲུན་ཁང་གི་མགྲིན་ཚབ་པས་ཁོ་ཚོའི་པར་སྐྲུན་ཁང་ནས་བུ་མོ་དང་བུད་མེད་ཀྱི་འགྲེལ་བཤད་དང་། མིང་གི་རྣམ་གྲངས་ལ་བསྐྱར་ཞིབ་བཏང་ཟིན་པ་མ་ཟད། གང་ཞིག་འགྱུར་བ་བཏང་བ་རྣམས་མདུན་ཕྲག་འགའི་ནང་ཚུན་བརྒྱུད་ལམ་སྣ་ཚོགས་སུ་གསལ་རྒྱུ་ཡིན་ཚུལ་སྨྲས་པའི་ཐོག “ང་ཚོའི་ཚིག་མཛོད་རྣམས་ཀྱིས་[དབྱིན་ཇིའི་]སྐད་ཡིག་ཇི་ལྟར་བེད་སྤྱོད་བྱེད་སྟངས་སྟོན་པ་ལས་ཇི་ལྟར་བྱེད་དགོས་མིན་བཤད་ཀྱི་མེད། དེ་ནི་མི་རྣམས་ཀྱིས་ཉིན་རེའི་འཚོ་བའི་ནང་དབྱིན་ཇིའི་སྐད་ཡིག་ཇི་ལྟར་བྱེད་སྤྱོད་གཏོང་ཚུལ་དངོས་ལ་ཞིག་བཞག་ནས་བཟོས་པ་ཞིག་ཡིན། རང་དབང་ལྡན་པའི་རྩོམ་སྒྲིག་གི་ཐབས་ལམ་འདིས་ཅི་ཞིག་མཚོན་ཞེ་ན། ང་ཚོའི་ཚིག་མཛོད་རྣམས་ཀྱིས་སྐད་ཡིག་གི་མཚོན་དོན་མ་ནོར་བ་སྟོན་ཞིང་། ཐ་ན་ང་ཚོ་རང་ཉིད་ཀྱིས་སྤྱོད་མི་སྲིད་པའི་དམའ་འབེབས་དང་མཐོང་ཆུང་གི་ཚིག་དང་དཔེར་བརྗོད་ལ་ཐུག་དུས་ཀྱང་དེ་ལྟར་ཡིན”ཞེས་བརྗོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།