ཚོགས་གཙོ་སྦྲེལ་པོས་ཨ་རི་ནས་ཕེབས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་།

ཕྱི་ ཟླ་ ༡༠ པའི་ཚེས་ ༡༧ ཉིན་རྒྱབ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་ནས་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་ཨེ་ཤི་ཡ་ཁུལ་གྱི་ལས་འཆར་འགན་འཛིན་སྐུ་ཞབས་མན་པི་རིཊི་སིངྒ་ཨན་ཌི་ (Manpreet Singh Anand, NDI’s Asia Regional Director) དང་། ཚོགས་པའི་བོད་དོན་དང་འབྲེལ་བའི་ལས་འཆར་འགན་འཛིན་ལྕམ་སྐུ་ཇེ་མི་སི་པེ་ཀར་མན་ (Jami Spykerman, NDI’s Tibet Program Director) སྐུ་ཞབས་རི་ཤི་དྷ་ཏ་ (Rishi Datta) བཅས་ལ་མཇལ་འཕྲད་གནང་འདུག སྐབས་དེར་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་མཐུན་འགྱུར་འོག ད་ལྟ་འགྲོ་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འཆར་སྐོར་དང་། དེ་བཞིན་ལས་གཞི་ལེགས་གྲུབ་ཟིན་པ་ཁག མ་འོངས་པའི་ལས་འཆར་སྤེལ་ཕྱོགས་སོགས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་འདུག་པ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་མི་ཁོང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་ཞུས་པ་དང་།
ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་ (NDI) གིས་ལོ་ཤས་རིང་མཐུན་འགྱུར་གནང་བའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འགྲོ་སྟངས་དང་། ཆབ་སྲིད་ཐོག་ནས་ཕྱིའི་རྒྱལ་ཁབ་ཁག་ནང་ཞུ་སྐུལ་གནང་རྒྱུ་སོགས་ཀྱི་ཐོག་ཕན་ཐོགས་ཆེན་པོ་བྱུང་སྐོར་གསུངས་པ་དང་། དེ་བཞིན་ལྟེ་གནས་ཁང་དེའི་མཐུན་འགྱུར་འོག སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག་མར་འགོ་ཚུགས་སྐབས། གསར་ཕེབས་སྤྱི་འཐུས་རྣམས་ལ་ཟབ་སྦྱོང་དང་། ད་བར་ཐབས་བྱུས་ཚོགས་འདུ་ཐེངས་ཁ་ཤས་ཚོགས་པ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་འཆར་གཞི་དེབ་གཟུགས་སུ་བཏོན་ཐུབ་པ། ཐབས་བྱུས་འཆར་གཞི་གཞི་རྩར་བཟུང་ནས་ད་ལྟ་ལས་འཆར་སྤེལ་འགོ་བཙུགས་ཟིན་པའི་སྐོར་དང་། མ་འོངས་པར་མུ་མཐུད་མཉམ་ལས་བྱེད་ཐུབ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པར་གསུངས་པ་མ་ཟད། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བའི་གནས་སྟངས་ཤིག་ཆགས་བསྡད་ཡོད་དུས། ལས་འཆར་གང་སྤེལ་བ་ཡིན་ནའང་། དཔལ་འབྱོར་གྱི་མཐུན་འགྱུར་གལ་ཆེན་པོ་ཆགས་བསྡད་ཡོད་པས། ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་དང་། དེ་བཞིན་ཨ་རིའི་རོགས་ཚོགས་ (PRM) དང་། (USAID) བརྒྱུད་ནས་མཐུན་འགྱུར་གནང་བཞིན་ཡོད་པ་དེ་ཚོས་ཕན་ཐོགས་ཆེན་པོ་བྱུང་ཚུལ་དང་། གཞན་ཡང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་དེབ་དང་། གྲོས་ཚོགས་ངོ་སྤྲོད་ཀྱི་བརྙན་ཐུང་བཟོ་རྒྱུ་སོགས་ཀྱི་ཐོག་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་ཐོག་ནས་མཐུན་འགྱུར་ཤུགས་ཆེན་པོ་གནང་ཡོད་སྐོར་སོགས་གསུངས་པ་དང་སྦྲགས། དེ་དག་ལ་ཐུགས་རྗེ་ཆེ་ཞུས་ཐོག་མ་འོངས་པར་མུ་མཐུད་ནས་མཐུན་འགྱུར་གནང་རོགས་ཞེས་གསུངས་སྐུལ་ཞུས་གནང་བ་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་གིས་ཀྱང་དེ་འབྲེལ་བཞིན་ཞུས་འདུག གཞན་ཡང་ཐེངས་འདིར་གཟིགས་སྐོར་ཕེབས་པའི་ཨ་རིའི་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གི་ཨེ་ཤི་ཡ་ཁུལ་གྱི་ལས་འཆར་འགན་འཛིན་གྱིས་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་། མང་གཙོ་སྲ་བརྟན་ཡོང་ཐབས་ཀྱི་གལ་གནད་སྐོར་སོགས་ངོ་སྤྲོད་དང་འབྲེལ། མུ་མཐུད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ལྷན་མཉམ་རུབ་ཐོག་ལས་དོན་བྱ་རྒྱུའི་འདུན་པ་ཡོད་སྐོར་སོགས་གསུངས་གནང་འདུག
པར་རིས་དང་གནས་ཚུལ་ཡོང་ཁུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་བ།
གསར་འགོད་པ་བསྟན་འཛིན་ལམ་བཟང་།