ཚོགས་གཙོས་གྲོས་ཚོགས་ནང་འོས་བསྡུ་དང་འབྲེལ་བའི་གླེང་སློང་མི་ཡོང་བའི་འབོད་སྐུལ།

“དེ་རིང་ང་ཚོའི་འཁྲུག་ཆ་དོད་པའི་འོས་བསྡུའི་ལས་རིམ་དེའི་ནང་ལ་སྤྱི་ཚོགས་ནང་ལ་ལབ་གླེང་སྣ་ཚོགས་ཤིག་བྱུང་ཡོད་རེད། དེ་ཚོ་ཚང་མ་གྲུབ་ཟིན་པ་རེད། འོས་བསྡུའི་ལས་རིམ་དང་འབྲེལ་བའི་གྲོས་ཚོགས་ནང་རྣམ་པ་ཚོས་གསུང་དགོས་པ་ཡོད་མ་རེད་ལ། དེའི་ཐོག་ནས་གྲོས་ཚོགས་ནང་འཁྲུག་རྐྱེན་འབྱུང་བའི་གཞི་བཟོས་མ་གནང་རོགས་ཞེས་འབོད་སྐུལ་ཞུ་ཡ་ཡིན།”ཞེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་གྲོས་ཚོགས་ཀྱི་དབུ་འབྱེད་གཏམ་བཤད་ལ་གསུངས་སོང།

IMG_0932ཟླ་འདིའི་ཚེས་༢༡ ཉིན་དྷ་ས་གངས་སྐྱིད་དུ་བོད་མི་མང་སྤྱི་འཐུས་སྐབས་༡༥ པའི་གྲོས་ཚོགས་ཚོགས་དུས་༡༡ པ་དེ་འགོ་འཛུགས་བྱས་ཡོད་པ་རེད། ཐེངས་འདིའི་གྲོས་ཚོགས་ལས་རིམ་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་༢༠༡༦ ནས་༢༠༡༧ བར་གྱི་སྔོན་རྩིས་གཏན་འབེབས་ཀྱི་ཚོགས་འདུ་ཡིན་པ་དང།  གྲོས་ཚོགས་ཉིན་དང་པོར་ཚོགས་གཙོའི་དབུ་འབྱེད་གཏམ་བཤད་རྗེས་ལ་སྔ་འགྱུར་རྙིང་མའི་བསྟན་བདག་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་། ད་བར་བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༤༣ ཙམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བ་དང་། དེ་ལས་མང་བ་རྒྱ་ནག་གི་བཙོན་འོག་ཏུ་མནར་གཅོད་མྱོང་གི་ཡོད་པ། ཉེ་ལམ་ཕྱི་ཟླ་ ༢ ཚེས་ ༢༩ ཉིན་རྒྱ་གར་མ་སུ་རིའི་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་ནས་སྐུ་གཤེགས་པ། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་བཀའ་བརྒྱུད་ཀྱི་སྤྱི་འཐུས་ལས་ཐོག་ཀརྨ་ཆོས་འཕེལ་མཆོག་སྐུ་གྲོངས་པ་བཅས་ཀྱི་ཆེད་དུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་སོང་། དེའི་རྗེས་བོད་ནང་ཛ་དྲག་གི་གནས་སྟངས་སྐོོར་ལ་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཞག་སོང།

ཚོགས་གཙོས་དབུ་འབྱེད་ཀྱི་གཏམ་བཤད་ནང་“དེ་རིང་གྲོས་ཚོགས་དེ་སྤྱི་ཟླ་༣ པའི་གྲོས་ཚོགས་རེད། དེའི་ནང་ལ་སྔོན་རྩིས་གཏན་འབེབས་བྱེད་རྒྱུ་ཆགས་བསྡད་ཡོད་རེད། དེ་རིང་གྲོས་ཚོགས་དེ་སྤྱི་འཐུས་སྐབས་༡༦ དང་བཀའ་ཤག་སྐབས་༡༥ པའི་སྲིད་སྐྱོང་གི་འོས་བསྡུ་གྲུབ་ནས་ཚོགས་ཀྱི་ཡོད་རེད། དེ་ཡང་གྲོས་ཚོགས་ཀྱི་ལས་རིམ་དེ་འོས་བསྡུའི་ལས་རིམ་དང་འབྲེལ་ནས་དཀའ་རྙོག་མི་ཡོང་བ་དང་གྲོས་ཚོགས་ཀྱི་ཆེ་མཐོང་ཡོང་པའི་ཆེད་དུ་གྲོས་ཚོགས་དེ་ཟླ་༣ པའི་ཚེས་༢༡ ཉིན་བསྒྲིགས་པ་རེད།”ཅེས་དང། “དེ་རིང་ང་ཚོའི་འཁྲུག་ཆ་དོད་པའི་འོས་བསྡུའི་ལས་རིམ་དེའི་ནང་ལ་སྤྱི་ཚོགས་ནང་ལ་ལབ་གླེང་སྣ་ཚོགས་ཤིག་བྱུང་ཡོད་རེད། དེ་ཚོ་ཚང་མ་གྲུབ་ཟིན་པ་ཡིན་པས་འོས་བསྡུའི་ལས་རིམ་དང་འབྲེལ་བ་རྣམ་པ་ཚོས་གསུང་དགོས་པ་ཡོད་མ་རེད་ལ། དེའི་ཐོག་ནས་གྲོས་ཚོགས་ནང་འཁྲུག་རྐྱེན་འབྱུང་བའི་གཞི་བཟོས་མ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།”ཞེས་དང་གྲོས་ཚོགས་དེ་གཟེངས་སུ་ཐོན་པའི་ངང་ནས་གྲོལ་ཐུབ་པའི་རེ་བ་ཡོད་པས། ཚང་མས་མཐུན་འགྱུར་གནང་བའི་འབོད་སྐུལ་སོགས་བྱས་སོང།

ཉིན་རྒྱབ་ལ་དཔལ་འབྱོར་བཀའ་བློན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༦ ནས་༢༠༡༧ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་ཡོད་པ་དང། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྒྲོག་སྦྱང་གནང་བའི་ནང་། བཀའ་ཤག་གིས་རྩིས་ལོ་༢༠༡༦ ནས་༢༠༡༧ ལོའི་ལས་ཁུངས་ཁག་གི་སྔོན་རྩིས་འཆར་འབུལ་རྒྱབ་གཉེར་ནང་ཕྱོགས་བསྡོམས་སྒོར་༢,༢༣༨,༨༣༢,༤༥༧ ཁོངས། ཟུར་བཀོལ་སྒོར་༡,༧༥༡,༢༢༨,༣༧༣ དང། ཕྱོགས་བསྡོམས་མ་དངུལ་སྒོར་༤༨༧,༦༠༤,༠༨༤ གསལ་གྱི་འདུག་པས་ཕྱོགས་བསྡོམས་མ་དངུལ་གྱིས་བརྒྱ་ཆ་༢༡.༧ ཟིན་གྱི་ཡོད་པ་བཀོད་འདུག།

གསར་འགོད་པ་སྐལ་བཟང་དོན་གྲུབ།